རྒྱ་ནག་གིས་བཟོ་ལས་ཐོན་སྐྱེད་ཐད་ཁ་གསབ་སྤྲོད་ཚུལ་ལ་ཨ་རིའི་ནོར་སྲིད་དྲུང་ཆེ་ཡིས་ཉེན་བརྡ་བཏང་འདུག

0:00 / 0:00

འདི་ཚེས་༥རེས་གཟའ་པ་སངས་ཉིན་ཨ་རིའི་ནོར་སྲིད་དྲུང་ཆེ་(Janet Yellen)་ལགས་ཀྱིས་རྒྱ་ནག་ཏུ་གཟིགས་སྐོར་གནང་བཞིན་པའི་སྐབས། རྒྱ་ནག་གིས་བཟོ་ལས་ཐད་ཁ་གསབ་སྤྲོད་བཞིན་པ་དེས་འཛམ་གླིང་གི་དཔལ་འབྱོར་སླར་གསོར་ཉེན་ཁ་བཟོ་སྲིད་པའི་ཉེན་བརྡ་བཏང་འདུག
རེས་གཟའ་ཕུར་བུའི་ཉིན་ཡེ་ལེན་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཀོང་ཀྲིག་ཏུ་འབྱོར་ནས་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ། ཉིན་ཤས་རིང་གི་གྲོས་མོལ་གནང་བཞིན་པ་དང་། འདི་ནི་ཡེ་ལེན་ལོ་གཅིག་གི་ནང་རྒྱ་ནག་ནང་གཞུང་དོན་ཕྱོགས་ཕེབས་གནང་བ་ཐེངས་གཉིས་བ་དེ་རེད།
ཁོང་མོས་རྒྱ་ནག་གིས་གློག་ཤུགས་རླངས་འཁོར་དང་། ཉི་གློག་སོགས་ཚད་ལས་བརྒལ་བའི་བཟོ་ལས་ཐོན་སྐྱེད་བྱེད་པ་དེས་ཨ་རི་དང་རྒྱལ་ཁབ་གཞན་པའི་ཚོང་ལས་ཁང་ཁག་གི་ནུས་སྟོབས་ཉམས་ཞན་འགྲོ་བཞིན་པར་བློ་འཚབ་གྱི་རྣམ་འགྱུར་བསྟན་འདུག རྒྱ་ནག་གི་ཚད་ལས་བརྒལ་བའི་བཟོ་ལས་ཐོན་སྐྱེད་དེ་དག་ནི་ཉི་འོད་ཐོན་ལས་དང་། གློག་ཤུགས་རླངས་འཁོར་། གློག་རྫས་ལས་རིགས་སོགས་ཐད་གཞུང་གིས་ཁ་གསབ་དངུལ་འབོར་ཆེན་སྤྲད་པ་དེའི་རྐྱེན་གྱིས་ཚོང་རྫས་དེ་དག་གི་རིན་གོང་མར་ཆགས་ནས་ཚོང་ལས་ཁང་གཞན་པར་ཤུགས་རྐྱེན་བཟོ་བཞིན་པ་རེད། ཡེ་ལེན་ནས་རེས་གཟའ་པ་སངས་ཉིན་ཀོང་ཀྲིག་ནང་འཚོགས་པའི་ཨ་རིའི་ཚོང་ལས་ཁང་ཁག་གི་ཚོགས་འདུའི་ཐོག་མིག་སྔར་རྒྱ་ནག་གཞུང་གི་ཐད་ཀར་དང་གཞན་བརྒྱུད་ཀྱི་རྒྱབ་སྐྱོར་འོག་རྒྱ་ནག་ནང་གི་དགོས་མཁོ་དང་བརྒལ་བའི་ཐོག་ཚོང་རྫས་དེ་དག་ཐོན་སྐྱེད་ཚད་ལས་བརྒལ་བ་མ་ཟད། འཛམ་གླིང་གི་དགོས་མཁོའི་ཚད་ལས་ཀྱང་བརྒལ་ཡོད་པ་གསུང་འདུག ཡིན་ནའང་རྒྱ་ནག་ཕྱོགས་ནས་གཞུང་གིས་བཟོ་ལས་ཐད་ཁ་གསབ་སྤྲོད་པའི་ཉེན་ཁར་ངོས་ལེན་བྱེད་ཀྱི་མེད་པར། ཟླ་བ་སྔོན་མར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ནས་གློག་ཤུགས་རླངས་འཁོར་ལ་ཁ་གསབ་ཐད་ཀྱི་རྟོག་ཞིབ་བྱེད་པ་དེ་ནི་མཁྲེགས་བཟུང་དང་རང་སྲུང་སྐྱོབ་རིང་ལུགས་ཡིན་ཚུལ་སྐྱོན་བརྗོད་དང་། ནུབ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཚོང་དོན་དེ་ཆབ་སྲིད་དུ་བསྒྱུར་བའི་ཆ་ཤས་ཡིན་ཚུལ་བརྗོད་ཀྱིན་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།