ཧོང་ཀོང་བ་ཚོ་གནས་སྐབས་རིང་ཨ་རིའི་ནང་གནས་སྡོད་ཆོག་པའི་དམིགས་བསལ་ཆོག་མཆན་གནང་འདུག

2021.08.06
Share on WhatsApp
Share on WhatsApp
ཧོང་ཀོང་བ་ཚོ་གནས་སྐབས་རིང་ཨ་རིའི་ནང་གནས་སྡོད་ཆོག་པའི་དམིགས་བསལ་ཆོག་མཆན་གནང་འདུག ཧོང་ཀོང་ནང་གི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་ཧོང་ཀོང་གི་ཉེན་རྟོག་པས་སྐོར་སྲུང། ༧།༤།༢༠༢༠
AP

ཨ་མི་རི་ཀས་ཨ་རིའི་ནང་ཡུལ་སྐོར་དང་ཡང་ན་སློབ་གཉེར་བྱེད་བཞིན་པའི་ཧོང་ཀོང་གི་མི་སེར་རྣམས་ཧོང་ཀོང་དུ་ཕྱིར་ལོག་བྱེད་མི་དགོས་པར་གནས་སྐབས་རིང་ཨ་རིའི་ནང་གནས་སྡོད་ཆོག་པ་བཟོས་འདུག
དེ་ཡང་ཨ་རིའི་སྲིད་འཛིན་(Biden)་ལགས་ཀྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལུངས་འདྲེན་དང་མཉམ། ཨ་རིའི་ནང་ཡོད་པའི་ཧོང་ཀོང་བ་ཚོ་ཕྱིར་ལོག་བྱེད་མི་དགོས་པར་ཉུང་མཐར་ཨ་རིའི་ནང་དུས་ཡུན་ཟླ་བ་༡༨་རིང་གནས་སྡོད་ཆོག་པ་འདི་ཚེས་༥་ཉིན་གསལ་བསྒྲགས་གནང་ཡོད་ལུགས་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
སྲིད་འཛིན་(Biden)་ལགས་ཀྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོའི་ལམ་ལུགས་ལ་རྡོག་རོལ་མུ་མཐུད་དུ་གཏོང་བཞིན་པའི་གནས་སྟངས་ཀྱི་རྐྱེན་པས། ཧོང་ཀོང་ནང་ཤེས་ཡོན་སློབ་གསོའི་ལྟེ་གནས་དང་། གསར་འགོད་རང་དབང་བཅས་བར་དོ་ཕོག་གཏོང་བཞིན་ཡོད་པའི་ཁར། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བའི་འོག་དམངས་གཙོའི་ལས་འགུལ་བ་དང་ཕྱོགས་འགལ་ཆབ་སྲིད་མི་སྣ་བརྒྱ་ཕྲག་བརྒལ་བ་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་སྟངས་སོགས་ལ་བརྟེན་ནས། ཨ་རིའི་ནང་ཡོད་པའི་ཧོང་ཀོང་བ་ཚོར་སྲུང་སྐྱོབ་ཆེད། ཧོང་ཀོང་ནང་ཕྱིར་ལོག་མི་དགོས་པར་གནས་སྐབས་ཨ་རིའི་ནང་གནས་སྡོད་ཆོག་པའི་བཀའ་ཁྲོལ་གནང་བ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
ཨ་རིའི་སྲིད་འཛིན་མཆོག་ནས་གོང་གསལ་གྱི་ཐག་གཅོད་གསལ་བསྒྲགས་གནང་མཚམས་སུ། རེས་གཟའ་ཕུར་བུའི་ཉིན་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མགྲིན་ཚབ་པ་(Liu Pengyu)་ཟེར་བས། སྲིད་འཛིན་(Biden)་གྱིས་ཧོང་ཀོང་བ་ཚོ་ཨ་རིའི་ནང་གནས་སྐབས་གནས་སྡོད་ཆོག་པའི་དམིགས་བསལ་བཀའ་འཁྲོལ་སྤྲད་པར་སྐྱོན་བརྗོད་བྱས་པ་དང་སྦྲགས། ཐག་གཅོད་དེ་བཞིན་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཡིན་ལུགས་སྐྱོན་བརྗོད་བྱས་འདུག འོན་ཀྱང་ཨ་རིའི་ནང་ཉམས་ཞིབ་སློབ་གཉེར་བྱེད་བཞིན་པའི་ཧོང་ཀོང་བ་(Maggie Shum)་ཞུ་བས། ཨ་རིའི་ནང་སློབ་གཉེར་བྱེད་བཞིན་པའི་ཧོང་ཀོང་གི་སློབ་ཕྲུག་མང་པོ་ཞིག་ཧོང་ཀོང་དུ་ཕྱིར་ལོག་བྱེད་པར་དཀའ་ངལ་མི་ཉུང་བ་ཡོད་པར་བརྟེན། ད་རེས་ཨ་རིའི་སྲིད་འཛིན་མཆོག་གིས་ཧོང་ཀོང་བ་ཚོ་ཨ་རིའི་ནང་གནས་སྡོད་ཆོག་པའི་དམིགས་བསལ་གུ་ཡངས་གནང་པར་ཡིད་རང་བསྔགས་བརྗོད་ཞུ་རྒྱུ་ཡིན་པ་བརྗོད་འདུག
ཨ་རིའི་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། ༢༠༡༩་ལོར་ཨ་རིའི་ནང་ཧོང་ཀོང་བ་མི་གྲངས་༡༥༥༠༠་ཙམ་འབྱོར་ཡོད་པ་དང་། ༢༠༢༠ལོར་མི་གྲངས་༢༣༠༠༠་ཙམ་འབྱོར་ཡོད་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ལག་བསྟར་བྱས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ལ་བརྟེན་ནས་ཉེ་ལམ་སྤྱི་ཟླ་༧་པའི་ནང་ཨ་རིའི་གཞུང་གིས་ཨ་རིའི་ཚོང་དོན་ཁེ་གཉེར་ལས་ཁང་ཚོས་ཧོང་ཀོང་ནང་ཚོང་འབྲེལ་གྱི་ལས་དོན་སྤེལ་ཕྱོགས་ལ་ཡིད་གཟབ་དང་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎