ཨ་རི་དང་ཉི་ཧོང་གཉིས་མཉམ་དུ་ཕྱི་འབྲེལ་ཚོང་ལས་ཀྱི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་ཟེར།
དེ་ཡང་རོའུ་ཊར་གསར་ལས་ཁང་གིས་འདི་ཚེས་༡ཉིན་ཉི་ཧོང་གི་རྒྱལ་ས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཉི་ཧོང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས། གློག་རྡུལ་སྙིང་ལེབ་(Chips)་དང་གློག་རྫས་ནུས་བའི་ཐོན་རྫས་ནི་ཨ་རི་དང་ཉི་ཧོང་གི་མཉམ་ལས་བྱེད་ས་གཙོ་བོ་དེ་ཡིན། མནའ་འབྲེལ་རྒྱལ་ཁབ་ཚོའི་རེ་བ་ལྟར་བདེ་འཇགས་ལྡན་པའི་ཐོག་ནས་ཐོན་རྫས་མཁོ་སྤྲོད་རྒྱུན་སྐྱོང་ཐུབ་པ་དང་རྒྱ་ནག་ལ་ཁ་གཏད་གཅོག་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་འདུག
ཉི་ཧོང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་(Emanuel)་ལགས་ཀྱིས། ཚོང་ལས་ཕྱི་འབྲེལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་ལྟར། ཨ་རིའི་ཁེ་ལས་ཁང་ཞིག་གིས་ཉི་ཧོང་གི་གློག་རྡུལ་སྙིང་ལེབ་(Chips)་དང་འབྲེལ་བའི་ལས་གཞི་ཞིག་ལ་མ་རྩ་ཆེན་པོ་འཛུགས་འཆར་ཡོད་པ་དེས། རྒྱལ་ཁབ་གཉིས་ཀྱི་གློག་ཀླད་རྩིས་འཁོར་(Computer)་དང་འཕྲིན་གཏོང་ལ་སོགས་པའི་འཕྲུལ་ཆས་ཀྱི་ཡོ་ཆས་ཁྱབ་ཁོངས་སུ་མཉམ་ལས་གསར་ཤོས་དེ་མཚོན་ཡོད་ཅེས་རོའུ་ཊར་གསར་ལས་ཁང་ལ་འགྲེལ་བརྗོད་གནང་བ་དང་མཉམ། ཕྱི་འབྲེལ་ཚོང་ལས་ནི་ཨ་རི་དང་ཉི་ཧོང་བར་གྱི་དཔལ་འབྱོར་མཉམ་ལས་ཀྱི་སྤྱིའི་རྣམ་གྲངས་དང་མཐུན་སྦྱོར་གྱི་གྲུབ་ཆ་གཙོ་བོ་ཡིན་པ་འགྲེལ་བརྗོད་གནང་འདུག
ཨ་རི་དང་ཉི་ཧོང་གཉིས་ཀྱིས་ཐོན་གསར་འཕྲུལ་རིག་གི་མཉམ་ལས་ཞིབ་འཇུག་ལྟེ་གནས་ཞིག་འཛུགས་རྒྱུར་རེས་གཟའ་པ་སངས་ཉིན་མོས་མཐུན་བྱས་ཡོད་ཅིང་། རེས་གཟའ་ཟླ་བའི་ཉིན་སྤེལ་བའི་གསལ་བསྒྲགས་དེའི་ནང་། རྒྱལ་ཁབ་བྱེ་བྲག་པ་སུ་ཡིན་མིང་མ་བཏོན་པར་ཨ་རི་དང་ཉི་ཧོང་གཉིས་ཀྱིས་གཞན་གྱི་དཔལ་འབྱོར་འཇིགས་སྐུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བཀོད་ཡོད་པ་རེད།
གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།