ཨ་རིས་བལ་ཡུལ་ལ་ཨ་སྒོར་ས་ཡ་༦༧༩ཡི་རོགས་སྐྱོར་གནང་རྒྱུའི་གྲོས་མཐུན་བཞག་འདུག

2022.05.06
ཨ་རིས་བལ་ཡུལ་ལ་ཨ་སྒོར་ས་ཡ་༦༧༩ཡི་རོགས་སྐྱོར་གནང་རྒྱུའི་གྲོས་མཐུན་བཞག་འདུག ཨ་རིས་བལ་ཡུལ་ལ་ཨ་སྒོར་ས་ཡ་༦༧༩ཡི་རོགས་སྐྱོར་གནང་རྒྱུའི་གྲོས་མཐུན་བཞག་སྐབས། ༠༥།༠༥།༢༠༢༢
Ministry of Finance, Nepal

དེ་ཡང་བལ་ཡུལ་གྱི་གསར་ལམ་ཁག་གི་གནས་ཚུལ་ནང་གསལ་བ་ལྟར་ན། རེས་གཟའ་ཕུར་བུའི་ཉིན་ཨ་རིའི་(USAID)་ འམ་ཕྱིའི་རྒྱལ་ཁབ་ལ་རོགས་སྐྱོར་ལས་དོན་ལྷན་ཁང་བརྒྱུད་མ་འོངས་ལོ་ལྔའི་རིང་ཨ་རི་གཞུང་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་༦༧༩འམ་བལ་ཡུལ་གྱི་སྒོར་མོ་ཐེར་འབུམ་༧༨ཙམ་གྱི་རོགས་དངུལ་གནང་རྒྱུའི་གྲོས་མཐུན་གཏན་འབེབས་གནང་འདུག་ཅིང་། རོགས་སྐྱོར་དེ་བརྒྱུད་༢༠༢༦ནང་ཚུད་དུ་བལ་ཡུལ་རྒྱལ་ཁབ་དེ་བཞིན་ཡར་རྒྱས་ཀྱི་ཚད་གཞི་དམའ་ཤོས་ཀྱི་གནས་བབ་ནས་འབྱོར་ལྡན་འབྲིང་རིམ་གྱི་རྒྱལ་ཁབ་ཀྱི་ཁ་ཕྱོགས་སུ་སླེབས་ཐབས་དང་། རྒྱལ་ཁབ་གཉིས་བར་མཉམ་འབྲེལ་གྱི་ལས་དོན་སྤེལ་ཕྱོགས་སོགས་ཁ་གསལ་གཏན་འབེབས་བྱུང་ཡོད་ལུགས་བལ་ཡུལ་གྱི་ནོར་སྲིད་ལས་ཁུངས་ཀྱིས་སྤྱི་བསྒྲགས་ནང་གསལ་ཡོད་པ་རེད།
གནས་ཚུལ་ནང་གསལ་བར། ཨ་རི་གཞུང་གིས་བལ་ཡུལ་ལ་རོགས་དངུལ་གྱི་ལས་འཆར་དེའི་འོག་བལ་ཡུལ་གཞུང་དང་སྤྱི་ཚོགས་བདེ་དོན་ཚོགས་པ་ཁག སྒེར་གྱི་ཁེ་ལས་ཚན་པ་བཅས་བརྒྱུད་བལ་ཡུལ་ནང་མང་གཙོའི་ལམ་ལུགས་སྲ་བརྟན་གཏོང་བ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ཆེད་སྒེར་བདག་ཁེ་ལས་གོང་འཕེལ་གང་མང་གཏོང་ཐབས་དང་། དེ་བཞིན་སྤྱི་ཚོགས་ཁྲོད་ལ་རང་བྱུང་གི་རྐྱེན་ངན་གོད་ཆག་དང་གནམ་གཤིས་འགྱུར་ལྡོག་ལ་སོགས་པར་གདོང་ལེན་བྱ་ཐབས་བཅས་ལ་དམིགས་ཡོད་པ་རེད།
བལ་ཡུལ་གྱི་ནོར་སྲིད་ལས་ཁུངས་ཀྱིས་གསུངས་ན། རོགས་དངུལ་དེ་བཞིན་ཕྱི་གསལ་ནང་གསལ་གྱི་བགོ་འགྲེམས་སླད་སྒྲིག་གཞི་བཟོ་རྒྱུ་དང་ཆབས་ཅིག་ཨ་རིའི་རོགས་སྐྱོར་ལས་དོན་དང་ཟུང་འབྲེལ་གྱི་སྒོ་ནས་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་མཐུན་པའི་ཐོག་ནས་ལས་འཆར་གཏན་འབེབས་དང་ལག་བསྟར་བྱ་རྒྱུ་ཡིན་པ་བརྗོད་འདུག རྒྱལ་ཁབ་གཉིས་བར་རོགས་སྐྱོར་གྱི་གྲོས་མཐུན་དེ་བཞིན་བལ་ཡུལ་གྱི་ནོར་སྲིད་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་(Ishwori Prasad Aryal)་ལགས་དང་། བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་རིའི་ཕྱི་རྒྱལ་རོགས་སྐྱོར་ལས་དོན་ལྷན་ཁང་གི་འགན་འཛིན་(Sepideh Kaycanshad)་ལགས་རྣམས་གཉིས་ནས་མཚན་རྟགས་བཀོད་ཡོད་པ་དང་། མཚན་རྟགས་ཀྱི་མཛད་སྒོའི་སྐབས་(Ishwori Aryal)་ ལགས་ཀྱིས། བལ་ཡུལ་རྒྱལ་ཁབ་སྤྱིའི་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་གྱི་ཐད་ལ་ཨ་རིའི་འཕྲུལ་ལས་དང་རོགས་དངུལ་གྱིས་ཕན་ཡོན་ཧ་ཅང་ཆེན་པོ་བྱུང་ཡོད་ལུགས་གསུངས་འདུག ཨ་རིའི་རོགས་སྐྱོར་ཚན་པའི་སྐུ་ཞབས་(Keyvanshad)་ལགས་ཀྱིས། ད་རེས་ཀྱི་གྲོས་མཐུན་དེ་བརྒྱུད་རྒྱལ་ཁབ་གཉིས་བར་མཉམ་འབྲེལ་གྱི་ལས་དོན་སྤེལ་རྒྱུར་ཁ་ཕྱོགས་གསར་པ་ཞིག་ལ་སླེབས་པ་མཚོན་གྱི་ཡོད་པ་གསལ་འདོན་གནང་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རོགས་སྐྱོར་མ་དངུལ་མཚམས་འཇོག་བྱས་པར་བརྟེན་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གི་ལས་དོན་རྣམས་མཚམས་འཇོག་བྱེད་སྲིད།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎