བལ་ཡུལ་གྱི་སྲིད་བློན་གྱིས་ཨ་མི་རི་ཀའི་ནང་རྒྱལ་དོན་འཚམས་གཟིགས་གནང་འཆར་ཡོད་འདུག

2022.05.26
Share on WhatsApp
Share on WhatsApp
བལ་ཡུལ་གྱི་སྲིད་བློན་གྱིས་ཨ་མི་རི་ཀའི་ནང་རྒྱལ་དོན་འཚམས་གཟིགས་གནང་འཆར་ཡོད་འདུག ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་(Uzra Zeya)་དང་བལ་ཡུལ་གྱི་སྲིད་བློན་(Sher Bahadur Deuba)་རྣམ་གཉིས་བལ་ཡུལ་དུ། ༠༥།༢༢།༢༠༢༢
@UnderSecStateJ

བལ་ཡུལ་གྱི་གསར་ཤོག་ཁག་ཏུ་གནས་ཚུལ་འཁོད་པ་ལྟར་ན། རིང་མིན་སྤྱི་ཟླ་༧པའི་ཟླ་དཀྱིལ་ཙམ་ནས་བལ་ཡུལ་གྱི་སྲིད་བློན་(Sher Bahadur Deuba)་ལགས་ཀྱིས། ཨ་མི་རི་ཀའི་ནང་རྒྱལ་དོན་འཚམས་གཟིགས་གནང་འཆར་ཡོད་པ་དང་། དུས་ཚེས་སོགས་གཏན་འཁེལ་ཐད་བལ་ཡུལ་ནང་གི་ཨ་མི་རི་ཀའི་གཞུང་ཚབ་དང་། བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་བར་གྲོས་མོལ་གནང་བཞིན་པ་ཡིན་ལུགས་འཁོད་འདུག
བལ་ཡུལ་གྱི་སྲིད་བློན་གྱིས་ཨ་མི་རི་ཀའི་ནང་འཚམས་གཟིགས་གནང་ཐུབ་པ་ཡིན་ན། དུས་ཡུན་གང་འཚམས་རིང་བལ་ཡུལ་དང་ཨ་མི་རི་ཀའི་བར་འབྲེལ་ལམ་ཉུང་ཙམ་ལས་མེད་པ་འགྱུར་བ་ཕྱིན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཧ་ཅང་ཉེ་བོ་དང་བརྟན་པོ་ཆགས་རྒྱུར་ཡིད་ཆེས་བྱེད་བཞིན་པ་དང་། དེས་བལ་ཡུལ་ནང་ཨ་མི་རི་ཀའི་ཤུགས་རྐྱེན་ཇེ་ཆེར་འགྲོ་རྒྱུར་རྒྱ་ནག་གཞུང་ལ་སེམས་ཚབས་ཡོང་གཞིར་གྱུར་ཡོད་པ། བལ་ཡུལ་གྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་(Santosh Sharma)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་ད་དུང་། བལ་ཡུལ་དང་ཨ་མི་རི་ཀའི་འབྲེལ་ལམ་ཇེ་བརྟན་དང་བསྟུན་ནས་བལ་བོའི་མང་གཙོ་ཡར་རྒྱས་སུ་ཕྱིན་པ་དང་ཆབས་ཅིག རྒྱ་ནག་གཞུང་གི་མི་གཅིག་དབང་འཛིན་གྱི་ལམ་སྲོལ་ལ་གནོད་ཚབས་ཆེན་པོ་འགྲོ་སྲིད་པ་དང་། ལྷག་པར་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་༧གོང་ས་མཆོག་ལ་མཇལ་འཕྲད་དང་། བལ་ཡུལ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་གཟིགས་ཞིབ་གནང་བ་སོགས་ཀྱིས། ཨ་མི་རི་ཀས་བོད་མི་སྐྱབས་བཅོལ་བ་ཚོར་སྐུལ་སློང་གིས་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་སྲིད་པར། རྒྱ་ནག་གཞུང་ལ་དོགས་ཟོན་སེམས་ཚབས་ཡོང་ངེས་པ་ཞིག་ཡིན་པས། བལ་བོའི་སྲིད་བློན་གྱིས་ཨ་མི་རི་ཀར་འབྲེལ་ལམ་ཉེ་རུ་བཏང་བ་དང་ཕྱོགས་མཚུངས། རྒྱ་ནག་གཞུང་ལ་ཕོག་ཐུག་མི་འགྲོ་བའི་ཐབས་ལམ་དོ་སྙོམས་བསྟེན་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
སྤྱི་ཟླ་༢པའི་ཟླ་མཇུག་ཏུ་ཨ་མི་རི་ཀས་བལ་ཡུལ་ལ་ཨ་སྒོར་ས་ཡ་༥༠༠ཡི་རོགས་སྐྱོར་གནང་རྒྱུ་བལ་ཡུལ་གྲོས་ཚོགས་ནས་ངོས་ལེན་གནང་ཡོད་པ་དེས། བལ་ཡུལ་དང་ཨ་མི་རི་ཀའི་འབྲེལ་བ་ཟབ་ཏུ་གཏོང་འདོད་ཡོད་པར་མངོན་གྱི་ཡོད་ལ། བལ་ཡུལ་གྱི་ཕྱི་འབྲེལ་དང་ཐབས་ཇུས་ཐོག་དམིགས་བསལ་གསར་འགོད་པ་(Parshuram Kaphle)་ལགས་ནས། འཚམས་གཟིགས་དེ་ནི་ཧ་ཅང་གལ་ཆེན་དང་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཉམ་འབྲེལ་ཆེད། འབྲེལ་ལམ་ཇེ་བརྟན་དུ་འགྲོ་ངེས་ཡིན་ཅེས་དང་། བལ་པོའི་སྲིད་བློན་གྱིས་ཨ་རི་ལ་འཚམས་གཟིགས་གནང་ཐུབ་པ་ཡིན་ན། འདས་པའི་ལོ་ངོ་ཉི་ཤུ་མ་ཟིན་གྱི་ནང་བལ་པོའི་དཔོན་རིགས་མཐོ་ཤོས་ཀྱིས། ཨ་རིའི་ནང་གཟིགས་སྐོར་གནང་བ་དང་པོ་དེ་ཆགས་ཡོད་པས་ཧ་ཅང་གལ་གནད་ཡིན་པ་དང་། འཚམས་གཟིགས་དེ་བརྒྱུད་ནས་འབྲེལ་ལམ་ཇེ་བརྟན་དུ་བཏང་བ་དང་ཆབས་ཅིག ས་གནས་དེ་ཁུལ་དུ་ཞི་བདེ་དང་ཡར་རྒྱས་ཡོང་བར་མཉམ་རུབ་ལས་དོན་གྱི་ཆོད་སེམས་ཇེ་བརྟན་དུ་འགྲོ་ཡི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
བལ་ཡུལ་དང་ཨ་མི་རི་ཀའི་བར་ཕྱི་འབྲེལ་གྱི་འབྲེལ་ལམ་བཙུགས་ནས་ལོ་ངོ་༧༥འགྲོ་བཞིན་པ་ཡིན་ནའང་། ཕན་ཚུན་མཐོ་རིམ་འགོ་ཁྲིད་འཚམས་གཟིགས་ཀྱི་གནས་ཚུལ་ཉུང་ཉུང་མ་གཏོགས་ཡོང་གི་མེད་རུང་། ཉེ་ཆར་ནས་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་གིས་བལ་བོའི་ནང་གཟིགས་སྐོར་དང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་ལས་རོགས་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པས་ཀྱིས་ཀྱང་གཟིགས་སྐོར་གནང་ཡོད་པ་དེས། བལ་ཡུལ་དང་འབྲེལ་ལམ་བྱེད་རྒྱུར་ཨ་མི་རི་ཀས་དོ་སྣང་གསར་པ་ཞིག་གནང་བཞིན་པར་ངོས་འཛིན་ཡོང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ཐེངས་༢༧ པ་མཇུག་བསྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།