ཐེ་ཝན་སྲིད་འཛིན་གྱི་གཟེངས་རྟགས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པར་ཕུལ་ནས་ཆེ་བསྟོད་ཞུས་འདུག

2022.03.03
Share on WhatsApp
Share on WhatsApp
ཐེ་ཝན་སྲིད་འཛིན་གྱི་གཟེངས་རྟགས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པར་ཕུལ་ནས་ཆེ་བསྟོད་ཞུས་འདུག ཐེ་ཝན་སྲིད་འཛིན་གྱི་གཟེངས་རྟགས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པར་ཕུལ་ནས་ཆེ་བསྟོད་ཞུས་སྐབས། ༠༣།༠༣།༢༠༢༢
AFP

དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་(Mike Pompeo)་ལགས་འདི་ཚེས་༣་ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ཡི་སྲིད་འཛིན་ལས་ཁུངས་ནང་སྲིད་འཛིན་ལྕམ་ཚའེ་ཡུན་ཝུན་(Tsai Ing-wen)་ལགས་དང་མཇལ་འཕྲད་གནང་དང་མཉམ། ཐེ་ཝན་སྲིད་འཛིན་གྱི་གཟེངས་རྟགས་ཕུལ་ཡོད་པ་དང་། སྲིད་འཛིན་མཆོག་གིས་ཁོང་ནས་ཐེ་ཝན་ལ་རྒྱུན་རིང་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཨ་རིའི་ཆེས་མཐོའི་མི་སྣ་དང་ཐེ་ཝན་གྱི་གྲོགས་པོ་(Pompeo)་ཐེ་ཝན་ནང་ཆེད་ཕེབས་གནང་བ་དེས་ཡུལ་གྲུ་གཉིས་བར་འབྲེལ་ལམ་དམ་ཟབ་ཡོད་པ་ར་སྤྲོད་དཔང་རྟགས་སྟོན་གྱི་ཡོད་སྐོར་གསུངས་འདུག
ཨ་རིའི་སྲིད་འཛིན་གོང་མ་(Donald Trump)་ཀྱི་སྐབས་སུ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིན་པ་(Mike Pompeo)་ལགས་ཀྱིས་རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པར་སྐྱོན་བརྗོད་ཡང་ཡང་གནང་བ་དང་། ཐེ་ཝན་ལ་རྒྱབ་སྐྱོར་གནང་བར་རྒྱ་ནག་གཞུང་ཁོང་ཁྲོ་ལངས་ནས་སྔ་ལོ་ཁོང་ལ་དཔལ་འབྱོར་གྱི་ཉེས་ཆད་བཀེལ་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་(Mike Pompeo)་ལགས་ཀྱིས། ཁོང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཕྱག་ལས་གནང་སྐབས། ཐེ་ཝན་ནང་ཨ་རིའི་གཞུང་འབྲེལ་མི་སྣ་སོགས་ཕེབས་སུ་བཅུག་ནས་ཡུལ་གྲུ་གཉིས་བར་རྒྱུན་ལྡན་ལྟར་གྱི་འབྲེལ་གནང་རྒྱུའི་འབད་བརྩོན་གནང་བ་ཁག་ལམ་ལྷོང་བྱུང་བར་ཐུགས་སྤོབས་ཡོད་ཅེས་དང་། རང་དབང་རང་བཙན་དགོས་པའི་དགོས་འདུན་བཏོན་ན་དེ་ནི་འཁྲུགས་རྐྱེན་སློང་གཞི་མིན་པ་དང་དེར་ཡ་ལན་མ་བྱས་པར་ཕྱིན་པ་ཡིན་ཚེ་དེ་ནི་ཆོད་སེམས་བརྟན་པོ་མེད་པ་གསལ་སྟོན་བྱེད་ཀྱི་ཡོད་སྐོར་གསུངས་འདུག
སྲིད་འཛིན་ཚའེ་ཡུན་ཝུན་ལགས་ཀྱིས་དེ་སྔོན་གཟེངས་རྟགས་དེ་ཨ་རིའི་བདེ་སྲུང་དྲུང་ཆེ་ཟུར་པ་དམ་པ་(Donald Rumsfeld)་ལགས་སུ་ཕུལ་ཡོད་འདུག
སྔ་ལོའི་ཕྱི་ཟླ་དང་པོའི་ནང་(Joe Biden)་ལགས་ཀྱིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ། རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་གོང་མ་(Trump)་སྐབས་ཀྱི་ཕྱི་སྲིད་དྲུང་ཆེ་(Pompeo)་ཐེ་བའི་ཆེས་མཐོའི་མི་སྣ་༢༧་ལ་དཔལ་འབྱོར་ཉེས་ཆད་བཀེལ་ཡོད་པ་རེད།
རྒྱ་ནག་མི་མང་ཉིན་རེའི་ཚགས་པར་ཟེར་བའི་རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་གིས། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་(Pompeo)་ནི་མི་ངན་ཡོངས་གྲགས་ཅན་དང་། རྒྱ་ནག་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་ཆབ་སྲིད་མི་སྣ་ཞིག་ཡིན་ཚུལ་དང་། ཁོང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་སྐབས་རྫུན་དང་མགོ་སྐོར་བསླུ་བྲིད་བྱ་རྒྱུར་སྤོབས་པ་བྱེད་མཁན་ཞིག་ཡིན་ཚུལ་གྱི་དཔྱད་གཏམ་ཞིག་གཟའ་ཕུར་བུའི་ཉིན་སྤེལ་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།