ཨ་རིས་རྒྱལ་སྤྱིའི་རོགས་སྐྱོར་རྣམ་གྲངས་མང་ཆེ་བ་ཕྱིར་བསྡུ་བྱས་ཡོད་ཀྱང་བོད་དོན་རོགས་དངུལ་མུ་མཐུད་དུ་གནས་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་པ་སྐུ་ཚབ་དོན་གཅོད་མཆོག་གིས་གསུངས་བྱུང་།

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༠ ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་མར་ཁོ་རུ་བྷིའོ་ (Marco Rubio) མཆོག་གིས་སྤྱི་ཚོགས་དྲྭ་རྒྱ་ (X) ཐོག་སྤེལ་བའི་གསལ་བསྒྲགས་ལྟར་ན། ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལྷན་ཁང་ (USAID) གི་ལས་གཞིར་གཟའ་འཁོར་དྲུང་རིང་བསྐྱར་ཞིབ་གནང་པའི་རྗེས། རོགས་སྐྱོར་རྣམ་གྲངས་ཀྱི་བརྒྱ་ཆ་ ༨༣ ཕྱིར་བསྡུ་བྱ་རྒྱུ་ཡིན་པ་བཀོད་འདུག་ཅིང་། ད་ལྟ་ཕྱིར་བསྡུ་བྱས་པའི་གན་རྒྱ་ ༥༢༠༠ ཁྲོད་རོགས་དངུལ་ཨ་སྒོར་ཐེར་འབུམ་བཅུ་བརྒྱ་ཕྲག་མང་པོ་མཁོ་སྤྲོད་བྱས་ཡོད་ཀྱང་། དེ་དག་གིས་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་བསྒྲུབས་མེད་པ་མ་ཟད། ལ་ལས་གནོད་སྐྱོན་བཟོས་ཡོད་པ་འཁོད་འདུག་ལ། གསལ་བསྒྲགས་དེའི་ནང་ད་དུང་། ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལྷན་ཁང་ (USAID) གི་ལྷག་འཕྲོས་གན་རྒྱ ༡༠༠༠ ཡས་མས་སམ་རོགས་སྐྱོར་གྱི་ལས་གཞི་བརྒྱ་ཆ་ ༡༨ ཡོད་པ་དེ་དག་ཨ་རིའི་གྲོས་ཚོགས་དང་གྲོས་བསྡུར་གནང་སྟེ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐད་ཀར་འཛིན་སྐྱོང་འོག་ནུས་པ་ལྡན་པའི་སྒོ་ནས་དོ་དམ་བྱ་རྒྱུ་ཡིན་ཞེས་གསལ་བཤད་གནང་འདུག
བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་དང་། ཤེས་ཡོན་སློབ་གསོ། རིག་གཞུང་སྲུང་སྐྱོབ་སོགས་ཕྱོགས་མང་པོ་ཞིག་ལ་ཨ་རི་གཞུང་གིས་ཐད་ཀར་དང་ཡང་ན་གོང་ཞུས་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལྷན་ཁང་བརྒྱུད་རོགས་རམ་བྱས་དང་བྱེད་བཞིན་ཡོད་ལ། ཨ་རིའི་སྲིད་གཞུང་གསར་པས་གློ་བུར་དུ་ཕྱིའི་རོགས་དངུལ་ཁག་མཚམས་འཇོག་བྱས་ཡོད་སྟབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལའང་ཤུགས་རྐྱེན་གང་ཙམ་ཐེབས་ཡོད་པས། ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁོ་རུ་བྷིའོ་མཆོག་གིས་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལྷན་ཁང་གི་རོགས་དངུལ་རྣམ་གྲངས་ཁོངས་ནས་བརྒྱ་ཆ་ ༨༣ ཕྱིར་བསྡུ་བྱས་སྐོར་གསལ་བསྒྲགས་གནང་པ་ལྟར། དེས་བོད་དང་བོད་མིར་གནོད་སྐྱོན་ཇི་ཐེབས་ཐད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུས་པར་ཁོང་གིས། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་འཛིན་སྐྱོང་ལ་འདྲི་རྩད་གནང་སྟེ་གྲོས་ཚོགས་ཀྱིས་བཀའ་འཁྲོལ་གཏན་འབེབས་གནང་ཟིན་པའི་རོགས་དངུལ་རིགས་བཀག་ན་མི་འགྲིག་པ་དང་། གལ་ཏེ་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལྷན་ཁང་སྒོ་བརྒྱབ་པ་ཡིན་ན། བོད་པའི་རོགས་དངུལ་དེ་ཇི་ལྟར་གནས་རྒྱུའི་ཐད་བཀའ་མོལ་འགྲོ་བཞིན་ཡོད་པའི་སྐོར་གསུངས་བྱུང་།
ཡང་ཕྱི་ཟླ ༣ ཚེས ༡༠ ཉིན། ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་ (National Endowment for Democracy) གིས་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད་ཐེབས་རྩ་ཁང་གི་གཙོ་འཛིན་དང་འཛིན་སྐྱོང་འགན་འཛིན་ཌེ་མོན་ བིལ་སན་ (Damon Wilson) ལགས་ཀྱིས། ང་ཚོས་ད་དུང་ཡང་གཏན་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་སྟངས་གཞིར་བཞག་ཐོག་ནས་ཐེབས་རྩ་ཁང་གིས་གོ་ལ་ཁྱོན་ཡོངས་སུ་དམངས་གཙོ་དང་རང་དབང་སྐུལ་འདེད་བྱས་ནས་ཨ་རིའི་རྒྱབ་སྐྱོར་ཁག་ཐེག་བྱེད་དགོས་ལ། རང་དབང་དང་འཕེལ་རྒྱས་ཀྱི་རང་བཞིན་ལྡན་པའི་འཛམ་གླིང་ཞིག་བྱུང་ན་དེས་ཨ་རིའི་བདེ་འཇགས་དང་དཔལ་འབྱོར་ཇེ་ལེགས་སུ་གཏོང་རྒྱུར་ཕན་ཐོགས་ཡོང་རྒྱུ་ངེས་པ་མ་ཟད། ཨ་རིའི་གོ་ལ་ཧྲིལ་པོའི་དབུ་ཁྲིད་ཀྱི་གོ་ས་ཇེ་བརྟན་དུ་གཏོང་ངེས་ཡིན་ཞེས་བརྗོད་འདུག
ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་གིས་བོད་པའི་སྤྱི་ཚོགས་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་ལ་མ་དངུལ་གྱི་རོགས་སྐྱོར་ཆེན་པོ་གནང་གི་ཡོད་པ་ལྟར། ད་ལྟ་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་གི་མ་དངུལ་ཁག་ཅིག་སླར་གསོ་བྱས་པ་དེས་བོད་པའི་སྤྱི་ཚོགས་ལ་གནང་བཞིན་པའི་མ་དངུལ་གྱི་གནས་བབ་ག་འདྲ་ཆགས་ཡོད་མེད་སྐོར། སྐུ་ཚབ་དོན་གཅོད་མཆོག་གིས་གསུངས་དོན་ལྟར་ན། འཕེལ་རིམ་དེ་བརྒྱུད་རིམ་བཞིན་བོད་མིའི་ཆེད་གནང་བཞིན་པའི་རོགས་དངུལ་དེ་དག་ཀྱང་སླར་གསོ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་བྱུང་།
ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཐོབ་པ་ཇི་བཞིན་དུ་རོགས་དངུལ་དེ་རིགས་ཨ་རིའི་འཛིན་སྐྱོང་གཞུང་གིས་བཀག་འགོག་བྱས་པ་དེ་ཁྲིམས་དང་འགལ་ཡོད་པར་བརྗོད་དེ་ཕྱི་ཟླ་ ༣ ཚེས་ ༥ ཉིན་ཁྲིམས་ལ་གཏུག་ཡོད་པ་དང་། ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་གི་མ་དངུལ་ཁག་ཅིག་སླར་གསོ་ཐུབ་པ་ནི་ཁྲིམས་གཏུག་བྱས་པའི་རྗེས་སུ་བྱུང་པ་ཞིག་ཡིན་པ་རེད། ཁྱོན་བསྡོམས་པའི་འོས་འགན་མ་དངུལ་དང་གྲོས་ཚོགས་ཀྱི་གནང་བའི་ཨ་སྒོར་ས་ཡ་ ༡༦༧ ནམ་ཡང་ན་(ཨ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་དང་ས་ཡ་བདུན་)ལྷག་དང་། གཞན་ཡང་ཨ་སྒོར་བྱེ་བ་བདུན་ལྷག་གི་མ་དངུལ་འཕར་མ་བཀག་འགོག་བྱས་ཡོད་པ་རེད།
ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་ནི་འཛམ་གླིང་ཡུལ་གྲུ་མང་པོའི་མང་གཙོའི་སྒྲིག་འཛུགས་རྣམས་འཕེལ་རྒྱས་དང་སྲ་བརྟན་དུ་གཏོང་ཕྱིར་བཙུགས་པའི་སྒེར་གྱི་ཁེ་མེད་ཐེབས་རྩ་ཞིག་ཡིན་པ་དང་། ལོ་རེར་རྒྱལ་ཁབ་ ༡༠༠ ལྷག་གི་ནང་དམངས་གཙོ་གོང་སྤེལ་གྱི་དམིགས་ཡུལ་ཆེད་ཡུལ་གྲུ་དེ་དག་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བརྒྱུད། མང་གཙོ་དང་རང་དབང་། གསར་འགྱུར་བརྒྱུད་ལམ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྒྲིག་འཛུགས། དམངས་ཁྲོད་ཚོགས་སྐྱིད་ཁག་གི་ལས་འཆར་རྣམས་ལ་རྒྱབ་སྐྱོར་ཆེད་རོགས་འདེགས་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།