རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ལ་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པ།

2022.12.30
རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ལ་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པ།
རང་དབང་ཁང་པ།

རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་སྤྱི་དང་ལྷག་པར་བོད་མི་དང་ཡུ་གུར་ཁ་ཆེའི་མི་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་སུ་ཆོས་དད་རང་དབང་ལ་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུར་ཐེ་ཇུས་བྱ་འཆར་ཡོད་པ། ཡང་ལག་ཤེས་སྦྱོང་བརྡར་དང་རྒྱལ་གཅེས་སློབ་གསོ་ཟེར་བ་སྤེལ་རྒྱུ།  དེ་བཞིན་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་རྒྱུའི་མིང་ཐོག་ནས་ཡུ་གུར་གྲངས་ཉུང་མི་རིགས་ས་ཡ་མང་པོ་གང་བྱུང་འཛིན་བཟུང་བྱས་ནས་བཀག་བསྐྱིལ་འོག་བཞག་ཡོད་པ་སོགས་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་རྒྱལ་ཁབ་ཀྱིས་སྟངས་འཛིན་བྱས་པའི་ཆོས་ལུགས་དང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་པའི་སྐོར་གྱི་སྙན་ཐོའི་ནང་གསལ་སྟོན་བྱས་འདུག
ཤོག་གྲངས་ ༥ ཅན་གྱི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་འགོག་ཐབས་ཟེར་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་རྒྱུར་འགོག་རྐྱེན་བཟོས་པ་སོགས།  བོད་མི་རྣམས་རྒྱ་རིགས་སུ་སྒྱུར་ཐབས་ཀྱི་ལས་འགུལ་དུ་མ་སྤེལ་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་མི་རྣམས་རྒྱ་ནག་གི་ངོ་བོ་ཅན་དུ་བསྒྱུར་བའི་ལས་འགུལ་དེས་བོད་བརྒྱུད་ནང་ཆོས་ཡུན་གནས་ཐུབ་དང་མ་ཐུབ་ཐོག་མཁས་དབང་ཚོས་བློ་འཚབ་གནང་གཞིར་འགྱུར་བཞིན་ཡོད་པ་བཀོད་འདུག་ལ། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཆོས་དོན་ཀྱི་སྒྲིག་སྲོལ་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་ལོ་༢༠༢༡ ཟླ་བཅུ་པ་ནས་ལག་བསྟར་བྱས་ཡོད་པའི་ནང་ཆོས་དང་འབྲེལ་བའི་ལས་དོན་གང་འདྲ་ཞིག་ཡིན་རུང་རྒྱ་ནག་དམར་ཤོག་གི་ལྟ་བ་དང་ཞི་ཅིན་ཕིང་གི་ཆབ་སྲིད་ཀྱི་ལམ་སྟོན་ལས་མ་འགལ་བ་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། རྒྱ་གཞུང་གིས་སྟངས་འཛིན་འོག་ཡོད་པའི་ཆོས་ལུགས་ཁག་གིས་རྒྱ་གཞུང་གི་ཁྲིམས་སྒྲིག་དང་། ཡང་སྒོས་རྩ་ཁྲིམས་དང་ཆབ་སྲིད་སོགས་ཀྱི་དྲིལ་བསྒྲགས་ངེས་པར་དུ་བྱ་དགོས་པ་ཡང་བཀོད་ཡོད་ཅིང་། ལྷག་པར་བོད་མི་ནང་པ་ཚོ་རྒྱ་ནག་གི་ངོ་བོ་ཅན་དུ་བསྒྱུར་ཐབས་སུ་ནན་སྐུལ་བྱས་ཡོད་འདུག
ཆོས་དད་རང་དབང་ཐད་ལྟ་ཞིབ་གནང་མཁན་གྱི་ཨ་རིའི་གཞུང་ལ་སློབ་སྟོན་ཕུལ་མཁན་གྱི་སྒྲིག་འཛུགས་ཀྱིས་བཏོན་པའི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་བའི་ལམ་སྟོན་ཡིག་ཆའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་དགོས་པ་དང་། བོད་མི་ནང་པ་ཚོས་༧གོང་ས་༧ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཞུ་རྒྱུ་མཚམས་འཇོག་བྱེད་དགོས་པ། ནང་ཆོས་ཉམས་ལེན་ཁོངས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཤུགས་རྐྱེན་འགོག་ཐབས་བྱ་དགོས་པ་སོགས་ཀྱི་ལམ་སྟོན་བཀོད་བྱུས་བྱས་ཐོག་བོད་ནང་བོད་མི་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཙམ་ཡང་ཉར་མི་ཆོག་པ་བཟོས་པ་དང་། གཞུང་གི་ལས་བྱེད་བྱ་འདོད་ཡོད་མཁན་ཚོར་དགོས་ངེས་ཀྱི་ཆ་རྐྱེན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མི་ཆོག་པ་བཟོས་ཡོད་ལུགས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་བཏོན་པའི་སྙན་ཐོ་དེའི་ནང་ལུང་འདྲེན་བྱས་ཏེ་ཐེར་འདོན་གནང་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་གཞུང་གིས་ཐེ་བྱུས་བྱ་འཆར་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་ལམ་ནས་སྤྲུལ་སྐུ་ངོས་འཛིན་ཞུ་ཕྱོགས་སུ་རྒྱ་གཞུང་གིས་སྟངས་འཛིན་བྱས་ཏེ་རྒྱ་ནག་གི་དབུས་དང་ཞིང་ཆེན་ཀྱི་ཁྲིམས་དང་སྒྲིག་གཞི་གསར་བཟོ་བྱས་ནས་མ་འོངས་ཡང་སྲིད་འཚོལ་ཞིབ་བྱ་རྒྱུར་འགོག་རྐྱེན་བཟོ་བཞིན་པ་ཡང་སྙན་ཐོ་དེའི་ནང་བཀོད་འདུག
སྙན་ཐོ་འདི་དང་འབྲེལ་ནས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཨ་མི་རི་ཀའི་གཞུང་ལ་རྒྱ་ནག་འདི་བཞིན་རྒྱལ་སྤྱིའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་མཁན་སྡུག་ཤོས་ཞིག་ཏུ་ངོས་འཛིན་གྱིས་རྒྱ་ནག་ནི་རྒྱལ་ཁབ་ནི་འདི་ཨ་རིས་ཐུགས་ཚབས་ཡོད་པའི་རྒྱལ་ཁབ་ཁོངས་སུ་མིང་འདོན་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཐེ་ཝན་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎