རྒྱ་གར་མཐའ་མཚམས་སུ་རྒྱ་ནག་གི་དམག་མི་བཙན་འཛུལ་བྱས་བ།

2016-07-27
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་Uttarakhand་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Harish Rewat་མཆོག། ༢༠༡༦།༧།༢༧
རྒྱ་གར་གྱི་Uttarakhand་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Harish Rewat་མཆོག། ༢༠༡༦།༧།༢༧
དྲ་བཤུས།

རྒྱ་གར་བྱང་ཕྱོགས་མངའ་སྡེ་Uttarakhand་ཡི་སྤྱི་ཁྱབ་བློན་ཆེན་མཆོག་གིས། རྒྱ་ནག་གི་དམག་དམག་མིས་མངའ་སྡེའི་Chamoli་རྫོང་ཁོངས་ནང་གློ་བུར་དུ་བཙན་འཛུལ་བྱས་པའི་གནས་ཚུལ་ཐོན་པ་དེ་བདེན་པ་ཡིན་སྐོར་ཚེས་༢༧་ཉིན་གསུངས་འདུག
རྒྱ་གར་གྱི་Uttarakhand་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Harish Rewat་མཆོག་གིས་མངའ་སྡེའི་བྱང་ཤར་ཁུལ་དུ་ཡོད་པའི་Chamoli་ཟེར་བའི་རྫོང་ཁོངས་ནང་། རྒྱ་ནག་གི་དམག་མིས་གློ་བུར་དུ་བཙན་འཛུལ་བྱས་པ་དངོས་བདེན་ཡིན་པ་ར་སྤྲོད་གནང་བ་དང་། དུས་མཚུངས་ད་བར་རྒྱ་གར་གྱི་ས་མཚམས་དེའི་ཁུལ་དུ་ཞི་བདེ་ལྷིང་འཇགས་ཡོད་ན་ཡང་ད་རེས་རྒྱ་མིའི་དམག་མིས་གློ་བུར་དུ་བཙན་འཛུལ་བྱས་པ་དེ་ནི་སེམས་འཚབ་ཆེ་བའི་གནད་དོན་ཞིག་ཡིན་སྟབས་ས་མཚམས་དེའི་ཁུལ་གྱི་རྒྱ་གར་གྱི་ས་སྲུང་དམག་མི་རྣམས་སྤྱང་གྲུང་དོད་པོ་དང་སྦིར་གསང་ངང་སྡོད་དགོས་པའི་འབོད་སྐུལ་ཞུས་ཡོད།
རྒྱ་གར་དབུས་གཞུང་གིས་ཀྱང་གནས་ཚུལ་དེ་དག་མཁྱེན་རྟོགས་ཡོད་པའི་ཐོག་ནས་དགོས་ངེས་ཅན་གྱི་ལས་དོན་སྤེལ་རྒྱུའི་ཡིད་ཆེས་གནང་གི་ཡོད་སྐོར་ཡང་གསུངས་འདུག ད་དུང་ཁོང་ནས་སྟབས་ལེགས་པ་ཞིག་ལ་རྒྱ་མིའི་དམག་མིས་ས་ཁུལ་དེའི་ནང་ཡོད་པའི་ཆུ་ཡུར་གལ་ཆེན་པོ་གཅིག་ལ་ལག་པ་འཆང་མིན་འདུག་ཅེས་གསུངས་འདུག  
གནས་ཚུལ་བྱུང་ཁུངས་ཁག་ལྟར་ན། Indo Tibetan Border Police་ཞེས་རྒྱ་གར་དང་བོད་གཉིས་དབར་གྱི་རྒྱ་གར་གྱི་ས་སྲུང་དམག་མིས་འདི་ཟླའི་ཚེས་༡༩་ཉིན་རྒྱ་མིའི་དམག་མིས་Chamoli་རྫོང་ཁོངས་ནང་གློ་བུར་དུ་བཙན་འཛུལ་བྱས་པའི་དོན་རྐྱེན་བྱུང་སྐོར་རྒྱ་གར་དབུས་གཞུང་གི་ནང་སྲིད་ལས་ཁུངས་ལ་སྙན་སེང་ཞུས་འདུག རྒྱ་གར་གྱི་Uttarakhand་མངའ་སྡེ་དང་དེ་སྔ་བོད་གཉིས་དབར་རྒྱང་ཐག་སྤྱི་ལེ་༣༥༠་ལྷག་གི་ས་འབྲེལ་ཡོད་པ་དང་། དེ་སྔ་ཡང་རྒྱ་མིའི་དམག་མིས་རྒྱ་གར་གྱི་ས་ཁུལ་ནང་སིམ་འཛུལ་བྱས་པའི་དོན་རྐྱེན་བྱུང་ཡོད་ཅིང་། རྒྱ་མིའི་དམག་མིས་རྒྱ་གར་གྱི་མངའ་སྡེ་འདིའི་ནང་གློ་བུར་དུ་བཙན་འཛུལ་བྱས་པའི་དོན་རྐྱེན་རྗེས་ཤོས་དེ་ནི་Chamoli་རྫོང་ཁོངས་ཀྱི་Mana Pass་ཞེས་པའི་ལ་ཡི་ཉེ་འཁྲིས་རྡོའི་ཐོག་China་འམ་རྒྱ་ནག་ཅེས་པའི་ཡི་གེ་བཀོད་པའི་གནས་ཚུལ་ཐོན་པ་དེ་ཡིན་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།