འཛམ་གླིང་གི་རྒྱལ་ཁབ་༥༡གིས་རྒྱ་ནག་ལ་ཡུ་གུར་བའི་གནད་དོན་དང་འབྲེལ་ནས་སྐྱོན་བརྗོད་བྱས་འདུག

2023.10.20
འཛམ་གླིང་གི་རྒྱལ་ཁབ་༥༡གིས་རྒྱ་ནག་ལ་ཡུ་གུར་བའི་གནད་དོན་དང་འབྲེལ་ནས་སྐྱོན་བརྗོད་བྱས་འདུག ཡུ་གུར་བ་དང་བོད་མི་སོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཨ་རིའི་རྒྱལ་སར་འབྱོར་བར་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༣།༣༡།༢༠༢༦
ཀླུ་འབུམ།/RFA

ཉེ་ཆར་རྒྱ་ནག་གཞུང་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པ་སྙན་ཐོ་ཁག་ནང་ཐེར་འདོན་དང་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་བྱས་མིན་ལ་མ་བལྟོས་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ནང་འདེམས་ཐོན་བྱུང་རྗེས། མུ་མཐུད་དུ་འཛམ་གླིང་གི་རྒྱལ་ཁབ་༥༡གིས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་སྐྱོན་བརྗོད་བྱས་འདུག དེ་ནི་ཨ་རི་ཐེ་བའི་རྒྱལ་ཁབ་༥༡གིས་གཟའ་ལྷག་པ་ཉིན་མཉམ་འབྲེལ་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གིས་ནུབ་ཕྱོགས་ཤིན་ཅང་ངམ་ཤར་ཏུར་ཀིསི་ཐན་ས་ཁུལ་ནང་གི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནད་དོན་ཐད་སེམས་ཚབས་ཤུགས་ཆེན་བྱེད་བཞིན་ཡོད་པ་གསལ་བཏོན་དང་མཉམ་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།
བསྒྲགས་གཏམ་ཁྱབ་སྤེལ་གནང་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱིན་ཡུལ་གཞུང་ཚབ་ཆེན་མོ་(James Kariuki)་ལགས་ཀྱིས། ཤར་ཏུར་ཀིསི་ཐན་ནམ་ཤིན་ཅང་ནང་གི་ཡུ་གུར་མི་རིགས་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ཚོས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནད་དོན་ལ་བརྟེན་ནས་མུ་མཐུད་དཀའ་སྡུག་མྱོང་བཞིན་ཡོད་ཅེས་བརྗོད་འདུག
གསལ་བསྒྲགས་སྤེལ་བ་དེས། རྒྱ་ནག་ལ་༢༠༢༢ལོའི་ཟླ་༨་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེ་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས། རྒྱ་ནག་གིས་ཤིན་ཅང་ནང་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེའི་མི་རིགས་འབོར་ཆེན་བཀག་ཉར་བྱས་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་། དམིགས་བསལ་མི་ཆོས་རིང་ལུགས་ལ་འགལ་ཡོད་སྲིད་པ་སྙན་ཐོ་གྲུབ་ཐོ་བཏོན་པ་དེའི་ཐད་ལ་ལན་དགོས་པའི་འབོད་སྐུལ་ཞུས་པ་ཞིག་ཆགས་ཡོད་འདུག
གནས་ཚུལ་ནང་། གོང་ཞུས་མཉམ་འབྲེལ་རྒྱལ་ཚོགས་ནས་སྙན་ཐོ་དེ་བཏོན་ནས་ལོ་གཅིག་འགོར་ཟིན་ནའང་། དེའི་སྐོར་ཀྱི་གནས་ཚུལ་ཞིབ་ཕྲ་གླེང་སློང་བྱེད་རྒྱུར་རྒྱ་ནག་ད་དུང་མཉམ་ཞུགས་བྱས་མེད་པ་རེད་ཅེས་གསལ་བསྒྲགས་དེའི་ནང་སྤེལ་འདུག་པའི་ཁར། གསལ་བསྒྲགས་དེའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་གསུམ་པ་སྟེ། ལོ་ལྟར་སྤྱི་ཟླ་༡༠་པའི་ཟླ་འགོ་ལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་དང་། མི་ཆོས་རིང་ལུགས། སྤྱི་ཚོགས་དང་གནད་དོན་བཅས་ཀྱི་ཐད་གླེང་སློང་གནང་སྐབས་བཏོན་ཡོད་འདུག
གཞན་ཡུ་གུར་དང་འབྲེལ་བའི་གནས་ཚུལ་ཞིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁང་གི་ཡུ་གུར་སྐད་ཀྱི་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིསི་ཐན་ནང་གི་བཙོན་ཁང་ནས་གློད་གྲོལ་བཏང་བའི་བུད་མེད་ནད་པ་གསུམ་ཉིན་ཤས་ནང་གཅིག་མཇུག་གཉིས་མཐུད་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་ནི་བུད་མེད་དེ་ཚོས་བཙོན་ཁང་ནང་བཙོན་འཇུག་མནར་གཅོད་མྱངས་བ་དང་། བཙོན་བཅུག་སྐབས་ན་ཚ་འདྲ་མིན་གྱིས་མནར་བ་སོགས་ཀྱི་རྐྱེན་ཡིན་པ་བཀོད་འདུག
གོང་ཞུས་ཤར་ཏུར་ཀིསི་ཐན་གྱི་(Baykol)་ཞེས་པའི་བུད་མེད་བཙོན་ཁང་དེ་ཕྱི་ལོ་༢༠༡༧ ལོར་རྒྱ་ནག་གཞུང་གིས་མངའ་ཁུལ་དེར་ཡུ་གུར་བའི་མི་རིགས་མང་པོ་བཙོན་འཇུག་བྱེད་བཞིན་པའི་སྐབས་དེར་གསར་རྒྱག་བྱས་པ་ཞིག་ཡིན་པ་དང་། དེང་སྐབས་བཙོན་ཁང་དེར་བུད་མེད་བཙོན་པ་ཉུང་མཐར་ཆིག་ཁྲི་སྐོར་ཞིག་བཙོན་བཅུག་བྱས་ཡོད་པ་གནས་ཚུལ་ནང་བཀོད་འདུག


གསར་འགོད་པ། ཆོས་སྐྱིད། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎