རྒྱ་ནག་གཞུང་གིས་ད་ལྟ་ཕྱི་རྒྱལ་དུ་ཡོད་པའི་ཤིན་ཅང་གི་ཡུལ་མི་ཁག་ཅིག་ལ་ཉེས་འཛུགས་བྱས་འདུག

2021-04-14
Share
རྒྱ་ནག་གཞུང་གིས་ད་ལྟ་ཕྱི་རྒྱལ་དུ་ཡོད་པའི་ཤིན་ཅང་གི་ཡུལ་མི་ཁག་ཅིག་ལ་ཉེས་འཛུགས་བྱས་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Wang Wenbin)གསར་འགོད་ལྷན་ཚོགས་སྐབས། ༢།༢༣།༢༡
Reuters

རྒྱ་ནག་གཞུང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་གསར་འགོད་པ་གཅིག་ཐེ་བའི་ཤར་ཏུར་ཀིསུ་ཐན་གྱི་ཡུལ་མི་ད་སྐབས་ཕྱི་རྒྱལ་ན་ཡོད་པ་མི་གྲངས་བཅུ་གཉིས་ལྷག་རྫུན་བཤད་མཁན་དང་ནག་ཉེས་ཅན་དྲག་སྤྱོད་པ་ཡིན་པའི་ཉེས་འཛུགས་བྱས་འདུག
ཤར་ཏུར་ཀིསུ་ཐན་ནང་ཡུ་གུར་བ་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་ཚོར་རྒྱ་ནག་གཞུང་གིས་སྡུག་སྦྱོང་གཏོང་བཞིན་པ་དང་། ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་རྒྱལ་སྤྱིའི་ནང་གསལ་སྟོན་བྱེད་མཁན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་གསར་འགོད་པ་གཅིག་ཐེ་བའི་ད་ལྟ་ཕྱིའི་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་ཤར་ཏུར་ཀིསུ་ཐན་གྱི་ཡུལ་མི་བཅུ་གཉིས་ལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས། ཁོང་ཚོ་ནི་རྫུན་གཏམ་སྤེལ་མཁན་དང་དྲག་སྤྱོད་པ། ཀུན་སྤྱོད་ངན་པའི་མི་སྣ་ཡིན་པ་བརྗོད་དེ་ཡོངས་ཁྱབ་དམའ་འབེབས་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཤིན་ཅང་མི་རིགས་ཐོག་དྲག་གནོན་སྡུག་རྩུབ་བྱེད་བཞིན་པའི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནང་སྐྱོན་བརྗོད་ཆེན་པོ་འབྱུང་བཞིན་པར་གདོང་ལེན་བྱེད་ཆེད་རྒྱ་ནག་གཞུང་གིས་ཤིན་ཅང་དང་འབྲེལ་བའི་གནད་དོན་ཐད་དམིགས་བསལ་གསར་འགོད་ལྷན་ཚོགས་ལན་མང་བསྐོང་ཚོགས་བྱས་ཡོད་ཅིང་། ཕྱི་རྒྱལ་དུ་ཡོད་པའི་མི་༡༢དེ་དག་སྐྱོན་འཛུགས་བྱས་པ་དེ་ཕྱི་ཟླ་༤ཚེས་༩ཉིན་གྱི་གསར་འགོད་ལྷན་ཚོགས་སྐབས་བྱས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ནི་ཡུ་གུར་སྡེ་ཚན་གྱི་གསར་འགོད་པ་
(Gulchera Hoja)ཡིན་ཞིང་། ཤིན་ཅང་གི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་(Yalqun Yaqup)གྱིས། གསར་འགོད་པ་སྒུལ་ཆེ་ར་ཧ་ཇ་ནི་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་པའི་ནང་འཛུལ་ཞུགས་བྱས་ཡོད་པའི་དོགས་ཡོད་ཅན་གྱི་མི་སྣའི་ཁོངས་སུ་ཕྱི་ལོ་༢༠༡༧ཕྱི་ཟླ་ ༥ ཚེས་༨ཉིན་གཏན་འབེབས་བྱས་ཡོད་པ་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དེས། ཁོང་མིང་ཐོ་ནག་པོའི་ཁོངས་སུ་བཞག་པ་གཟའ་འཁོར་སྔོན་མར་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་སྐབས་མ་གཏོགས་ཤེས་རྟོགས་ཀྱང་བྱུང་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
སྒུལ་ཆེ་ར་ཧོ་ཇའི་(Gulchera Hoja)ཕ་མ་དང་སྤུན་མཆེད་བསྡོམས་མི་གྲངས་༢༥རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་དུས་འདྲ་མིན་གྱི་བཙོན་འཇུག་བྱས་ཡོད་པ་དང་། ཁོང་གིས་ཨ་རིའི་གྲོས་ཚོགས་ནས་ཁོང་དང་ཤིན་ཅང་ནང་ཡོད་པའི་ཁོང་གི་ནང་མི་ཚོར་འཕྲད་པའི་དཀའ་སྡུག་གི་གནས་ཚུལ་ཁག་ཡོངས་གྲགས་ཀྱི་ཐོག་ནས་གསལ་བཤད་ཞུས་ཡོད་པ་རེད། སྒུལ་ཆེ་ར་ཧོ་ཇ་ནི་ད་ལྟ་ཨ་རིའི་མི་སེར་ཡིན་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནང་ལོ་ཉི་ཤུ་ཙམ་རིང་ཕྱག་ལས་གནང་བཞིན་པའི་གསར་འགོད་པ་ཞིག་ཡིན་པ་རེད།
འོན་ཀྱང་རྒྱ་ནག་གཞུང་གིས་ཁོང་གི་ནང་མི་ཚོ་རྒྱུན་ལྡན་ལྟར་མི་ཚེ་སྐྱེལ་བཞིན་ཡོད་པ་དང་། གཟུགས་གཞི་བདེ་མིན་གྱི་ཐོག་ནས་འགྲོ་བསྐྱོད་བྱེད་ཐུབ་ཐབས་མེད་ཚུལ་བརྗོད་བཅུག་པའི་བརྙན་པར་ཕྱིར་འགྲེམ་བྱས་ཡོད་ན་ཡང་། སྒུལ་ཆེ་ར་ཧོ་ཇས་རྒྱ་ནག་གཞུང་གིས་བརྗོད་པ་དེ་དག་རྩ་བ་ནས་བདེན་པ་མིན་པ་དང་། དངོས་ཡོད་གནས་ཚུལ་ནི་རྒྱ་ནག་གཞུང་གིས་ཁོང་གི་ཕ་མའི་ཕྱིར་བསྐྱོད་ལག་འཁྱེར་བཙན་འཕྲོག་བྱས་ཟིན་པ་དང་། གཟུགས་གཞི་བདེ་མིན་སྐོར་བརྗོད་པ་དེ་ནི་ཕ་མ་གཉིས་ཐོག་དམ་དྲག་བྱེད་རྒྱུར་རྫུན་བཟོ་བྱས་པ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཤིན་ཅང་ནང་ཡུ་གུར་མི་རིགས་ས་ཡ་གཉིས་མ་ཟིན་ཙམ་དོན་དུ་བཙོན་ཁང་ཡིན་པའི་ངལ་རྩོལ་བསྒྱུར་བཀོད་ཁང་འདྲ་མིན་གྱི་ནང་བཀག་ཉར་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་དེ་དག་ནི་སྦྱོང་བརྡར་ཁང་ཡིན་ལུགས་བརྗོད་བཞིན་ཡོད་པ་རེད། འོན་ཀྱང་ཨ་རི་གཙོས་པའི་རྒྱལ་སྤྱིའི་ནང་གི་གཞུང་མང་པོས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་གྲངས་ཉུང་མི་རིགས་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པ་དང་། ལྷག་པར་དུ་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་དགོས་འདུན་ཤུགས་ཆེ་འདོན་བཞིན་ཡོད་པ་རེད།
རྒྱ་ནག་གི་གསར་འགོད་ལྷན་ཚོགས་དེའི་ཐོག་ཤིན་ཅང་ས་གནས་གཞུང་གི་མགྲིན་
ཚབ་པ་ཤོའུ་ཀུ་ཤང་(Xu Guxiang)གིས། དེ་ནི་རྒྱ་ནག་ལ་མི་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་མིང་བྱས་ངན་པ་བཟོ་རྒྱུའི་རྫུན་གཏམ་ཡིན་པ་དང་། དཔེར་ན། ཐོ་འགོད་བྱས་
པའི་མི་འབོར་༡༢༠༠༠ནས་༡༣༥༠རྫུན་མ་དང་། དེའི་ནང་ནས་༧༠༠༠གིས་རྒྱུན་ལྡན་གྱི་མི་ཚེ་བསྐྱེལ་བཞིན་པ་དང་། མི་གྲངས་༣༢༥༠ལ་ཁྲིམས་ཐོག་ནག་ཉེས་ཕོག་པ་དང་༥༠༠རྐྱེན་འདས་སུ་ཕྱིན་པ་དང་ཡང་ན་ཕྱི་རྒྱལ་དུ་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་འདུག
ཡིན་ན་ཡང་ཆབ་སྲིད་བཙོན་ཟུར་ཡོངས་གྲགས་གྲས་སུ་སེ་ར་གྷུལ་སའོཊ་བྭེ་(Sayragul Sautbay)དང་། མི་རུ་གྷུལ་ཏུ་སམ་(Mihrigul Tursun) ཛུམ་རཊེ་དྷ་ཝཊེ་(Zumrat Dawut) གྷུལ་ཛི་ར་ཨོལ་ཧན་(Gulzira Auelhan) ཊོར་སུ་ནེ་ཛི་ཡ་ཝུ་དྷུང་(Tursunay Ziyawudun) ར་མན་ཤནྦེ་(Rahman Shanbay)བཅས་ཚང་མ་བཙོན་འཇུག་སྐབས་གདུག་རྩུབ་མནར་གཅོད་མྱངས་ཡོད་ལུགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་ཡོད་རེད།
ཡིན་ན་ཡང་མགྲིན་ཚབ་པ་ཤོའུ་ཀུ་ཤང་(Xu Guxiang)གིས། འཛིན་བཟུང་བཙོན་འཇུག་བྱས་མྱོང་བའི་མི་སྣ་ཁ་ཤས་ཀྱིས་སོ་སོའི་ནང་མི་གཞན་བཙོན་འཇུག་བྱས་ཡོད་ལུགས་རྫུན་གཏམ་བཤད་ནས་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་རག་ཐབས་བྱས་ཡོད་ལུགས་དང་། དེ་དག་གི་གྲས་སུ་ཕར་གྷཊེ་ཇོཝ་དྷ་ཊེ་(Furqat Jawdat)དང་། ཀུ་ཛཏེ་ཨཊེ་ལེ་(Kuzat Altay) ཡི་མིན་ཇན་ས་དྷལ་(Yiminjan Sadl) ཨར་པ་ཊེ་་ཨརྐིན་(Arpat Arkin) རེ་ཧན་ཨ་ས་ཊེ་(Reyhan Asat) མུ་མུཊར་ཨབ་དྷུ་རེ་ཡིམ་(Mumut Abdureyim) དེ་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་( Guljahra Qeyum/Gulchehra Hoja)བཅས་ཡོད་པ་མིང་འདོན་བྱས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།