ཅེཀ་སྲིད་འཛིན་ཟུར་པ་སྐུ་གཤེགས་པར་མྱ་ངན་གུས་འདུད།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་དང་སྡེ་དགེ་སྲས་དོན་ཡོད་སྐུ་ཚེའི་ཕན་པ་རྫོགས་པར་མྱ་ངན་གུས་འདུད་ཞུས་པ།

2011-12-19
Share

༄༅༎དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ སྦིར་སྡེ་དགེ་ས་གནས་འགོ་འཛིན་སྲས་དོན་ཡོད་ལགས་གློ་བུར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཐུགས་ཕམ་གནང་བ་དང་ཆབས་ཅིག་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་གི་སྐུ་ཚེའི་ཕན་པ་རྫོགས་པར་མྱ་ངན་གུས་འདུད་ཞུས་གནང་འདུག།
དེ་རིང་ཉིན་རྒྱབ་ཕྱག་ཚོད་༣པའི་ཐོག་ གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ཚང་འཛོམས་གནང་སྟེ། ཐོག་མར་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་ སྲས་དོན་ཡོད་ལགས་དམ་པ་དེ་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་དང་འབྲེལ་ངོ་སྤྲོད་གསུང་བཤད་གནང་བའི་ནང༌། སྦིར་སྡེ་དགེའི་ས་གནས་འགན་འཛིན་སྲས་དོན་ཡོད་ལགས་དེ་རིང་སྔ་དྲོ་སློབ་གྲྭའི་མཛད་སྒོ་ཞིག་ཏུ་ཕེབས་ཏེ་གློ་བུར་འགྱེལ་ནས་སྨན་ཁང་དུ་སྐུ་ཚེའི་ཕན་པ་རྫོགས་ཡོད་པ་དང༌། དམ་པ་ཁོང་གིས་བོད་མི་མང་སྤྱི་འཐུས་སྐབས་བརྒྱད་པ་དང་དགུ་པའི་སྐབས་མདོ་སྟོད་སྤྱི་འཐུས་གནང་ཡོད་པ་མ་ཟད། སྤྱི་འཐུས་ཚོགས་གཞོན་གྱི་ཐུགས་འགན་ཟླ་བ་གཉིས་ཙམ་རིང་བཞེས་མྱོང་ཡོད་པ་རེད།
དེ་དང་ཆབས་ཅིག་ཁ་ས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དེར། བཀའ་ཤག་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ཀྱིས་མྱ་ངན་གུས་འདུད་ཞུས་གནང་འདུག། བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་ ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཧ་ལྦེལ་དམ་པ་དེ་ཉིད་ནི་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་ཆགས་པོ་ཡོད་པ་མ་ཟད། བོད་དོན་ཐོག་ལ་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་མཁན་གཙོ་བོ་ཞིག་ཡིན་སྟབས། དམ་པ་དེ་ཉིད་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུ་རྒྱུ་ཡིན་ཞེས་གསུངས་ཏེ། མྱ་ངན་གུས་འདུད་ཞུས་གྲུབ་པའི་རྗེས་ཕྱུག་ཚོད་གཅིག་རིང་སྨོན་ལམ་གསུང་འདོན་གནང་བ་དང་སྦྲགས། དམ་པ་ཁོང་རྣམས་གཉིས་ལ་མྱ་ངན་ཞུ་ཕྱིར་དབུས་ཀྱི་ལས་ཁུངས་ཁག་ཉིན་རྒྱབ་སྒོ་སྐྱོན་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།