༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་བ་ཝཇ་པ་ཡི་མཆོག་སྐུ་གྲོངས་བར་ཐུགས་གསོའི་མཚམས་འཕྲིན་གནང་འདུག
དེ་ཡང་འདི་ཚེས་༡༦་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་བ་ཝཇ་པ་ཡི་མཆོག་སྐུ་གྲོངས་བར་ཐུགས་གསོའི་མཚམས་འཕྲིན་ཞིག་བསྩལ་བའི་ནང་། སྐུ་ཞབས་ཝ་ཇི་བྷ་ཡེ་ (Atal Bihari Vajpayee)མཆོག་ནི་ཆོད་སེམས་བརྟན་པོ་ཡོད་པའི་སྲིད་དོན་པ་ཞིག་རེད། ཁོང་འདས་གྲོངས་སུ་ཕྱིན་པ་ནི་ཕུལ་ཏུ་བྱུང་བའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞིག་མེད་པར་གྱུར་བ་རེད། ཁོང་གིས་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་མཇུག་ནས་བཟུང་བོད་མི་མང་ལ་རྒྱབ་སྐྱོར་གནང་ཡོད། དུས་དེ་ནས་བཟུང་སྟེ་ཁོང་གིས་རྒྱ་གར་གཞུང་དང་གྲོས་ཚོགས་ཀྱིས་བོད་དོན་ཐད་ལངས་ཕྱོགས་བརྟན་པོའི་ངང་གདུང་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་དགོས་པའི་སྐུལ་སྤེལ་བཏང་གནང་ཡོད་ཅེས་བཀའ་གནང་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་དེའི་ནང་། སྐུ་ཞབས་ཝཇ་པ་ཡི་སྐུ་གྲོངས་པར་ཐུགས་ཕམ་ཡོད་པ་དང་། ཁོང་ཞལ་འཚོ་བ་ཙམ་མ་ཟད་གྲོགས་པོའི་མཛད་འབྲེལ་བྱུང་བ་དེ་ནི་དམིགས་བསལ་ཅན་ཞིག་ཡིན་པ་བཀའ་གནང་ཞིང་། སྐུ་ཞབས་ཝཇ་པ་ཡིས་རིམ་པ་འདྲ་མིན་གྱི་ཆབ་སྲིད་ཀྱི་ལས་དོན་གནང་སྐབས་མཇལ་འཕྲད་རིམ་པ་བྱུང་བ་དང་། ཁོང་བགྲེས་ཡོལ་དུ་ཕེབས་རྗེས་ཀྱང་མུ་མཐུད་མཇལ་འཕྲད་གནང་ཡོད་པ་བཀའ་གནང་ཡོད་པ་རེད།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས། རྒྱ་གར་གྱི་སྲིད་བློན་ཟུར་བ་སྐུ་ཞབས་ཝཇ་པ་ཡི་མཆོག་སྐུ་གྲོངས་པར་ཧ་ཅང་ཡིད་སེམས་སྐྱོ་སྡུག་བྱུང་བ་དང་། ཁོང་ནི་རྒྱ་གར་གྱི་ཁྱད་དུ་འཕགས་པའི་སྲིད་དོན་པ་ཞིག་དང་། བོད་ཀྱི་ཆེད་དུ་རྒྱབ་སྐྱོར་གྱི་སྐད་སྒྲ་ཤུགས་ཆེན་འདོན་མཁན་ཞིག་ཡིན་པ་སོགས་བརྗོད་ཡོད།
འདི་ཚེས་༡༧་ཉིན། བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཆེད། རྡ་ས་གངས་སྐྱིད་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་པ་ཚང་འཛོམས་ཐོག་གདུང་སེམས་མཉམ་སྐྱེའི་བསྔོ་སྨོན་མཆོད་འབུལ་ཚོགས་གནང་འདུག
གསར་འགོད་པ་དཔལ་ལྡན་རྒྱལ་དང་བློ་བཟང་ཡེ་ཤེས།
