གྲྭ་དགེ་འདུན་ཕུན་ཚོགས་ལགས་བཙོན་ཁང་དུ་ཡུན་རིང་ངལ་རྩོལ་ལ་བཀོལ་བས་གཟུགས་གཞི་ནད་སྐྱོན་ཅན་དུ་གྱུར་ཡོད་འདུག

2024.05.13
གྲྭ་དགེ་འདུན་ཕུན་ཚོགས་ལགས་བཙོན་ཁང་དུ་ཡུན་རིང་ངལ་རྩོལ་ལ་བཀོལ་བས་གཟུགས་གཞི་ནད་སྐྱོན་ཅན་དུ་གྱུར་ཡོད་འདུག ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ནས་བོད་དོན་ཆེད་ཁྲོམ་སྐོར་སྐད་འབོད་གནང་སྐབས། ༢༠༡༥།༣།༨
བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

ཕྱི་ཟླ་༥་ཚེས་༡༣ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་གྱི་གྲྭ་དགེ་འདུན་ཕུན་ཚོགས་ལགས་སུ་ལོ་ངོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་༣་ཚེས་ཉིན་བཙོན་འཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་ཡོད་ན་ཡང་།དམ་དྲགས་རྐྱེན་གྱིས་ཁོང་གི་གནས་སྟངས་ད་བར་ཤེས་རྟོགས་ཐུབ་མེད་པ་དང་། ཁོང་ལ་དེ་སྔ་འདྲི་རྩད་དང་བཅར་བརྡུང་ཤུགས་ཆེར་བྱས་ཡོད་པ་མ་ཟད། བཙོན་ཁང་དུ་ཡུན་རིང་ངལ་རྩོལ་བྱེད་བཅུག་པ་དང་། ཟ་མ་དང་སྡོད་གནས་སོགས་ཀྱི་མཐུན་རྐྱེན་ཡག་པོ་མ་སྤྲད་པས་གཟུགས་གཞི་ནད་པར་གྱུར་ནས།དེང་སྐབས་ནད་གཞིའི་རྐྱེན་གྱིས་དགོན་པར་འགྲོ་མ་ཐུབ་པར་ཕ་ཡུལ་གྱི་རང་ཁྱིམ་དུ་སྡོད་དགོས་བྱུང་གི་ཡོད་པ། བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་བོད་མི་དེས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ།དགེ་འདུན་ཕུན་ཚོགས་ལགས་བཙོན་འཇུག་གི་དུས་ཡུན་ཚང་ནས་རྒྱ་ནག་ཏི་ཡཱང་བཙོན་ཁང་ནས་གློད་གྲོལ་བཏང་བ་དང་། རྔ་བ་རྫོང་མངགས་གཏོང་ཁང་དུ་ཉིན་གྲངས་ཁ་ཤས་རིང་བཀག་ཉར་བྱས་ཤིང་། སྐབས་དེར་ཁོང་གི་ནད་གཞི་ཇེ་སྡུག་ཏུ་ཕྱིན་པས། ནང་མིས་རྔ་བ་རྫོང་མངགས་གཏོང་ཁང་དུ་རེ་སྐུལ་ཞུས་ཏེ་ཁྲིན་ཏུའུ་གྲོང་ཁྱེར་སྨན་ཁང་དུ་འཁྱེར་དགོས་བྱུང་བ་བཞིན་བརྟག་དཔྱད་བྱེད་སྐབས།ཁོང་གི་ཁོག་པར་ཆུ་གསོག་འདུག་ཡོད་པས།ཁྲིན་ཏུའུ་སྨན་ཁང་དུ་དུས་ཡུན་ཟླ་བ་༢ ལྷག་རིང་སྨན་བཅོས་བྱས་པས་སྲོག་ཉེན་ལས་ཐར་ཐུབ་ཡོད་ནའང་། དེང་སྐབས་ད་དུང་གཟུགས་གཞི་ནད་པ་ཆགས་བསྡད་ཡོད་པ་མ་ཟད།ཁྲིན་ཏུའུ་སྨན་ཁང་དུ་བསྡད་རིང་སྨན་རིན་གཅིག་པུར་རྒྱ་སྒོར་ཁྲི་༡༠ཤོར་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

གྲྭ་དགེ་འདུན་ཕུན་ཚོགས་ལགས་ནས་དེ་སྔ་ཕྱི་ལོ་༢༠༡༥ལོར་མདོ་སྨད་རྔ་བ་རྫོང་ཐོག་གི་ཁྲོམ་གཞུང་དུ། ལག་ཏུ་༧གོང་ས་མཆོག་གི་སྐུ་པར་འཁྱེར་ནས་བོད་ལ་རང་དབང་དང་འདྲ་མཉམ་དགོས། ༧གོང་ས་བོད་ལ་ཕེབས་འཇུག་དགོསཞེས་གོམ་བགྲོད་ཀྱིས་ཞི་རྒོལ་སྐད་འབོད་གནང་སྐབས། རྔ་བ་རྫོང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཀྱིས་ཕྱིས་སུ་མི་ལོ་བཞིའི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་དང་། ཡང་གོང་ཞུས་འབྲེལ་འབྲེལ་ཡོད་གཞན་དེས་ཁོང་འཛིན་བཟུང་རྗེས་རྔ་བ་རྫོང་ཁོངས་ཀྱི་བཀག་ཉར་ཁང་དུ་ཞིག་ཏུ་དུས་ཡིན་མི་ལོ་ ༡ རིང་བཀག་ཉར་གྱིས་འདྲི་རྩད་དང་གཅར་རྡུང་བཏང་བ་དང་། བཙོན་ཁང་དུ་ཉིན་མཚན་གཉིས་གར་ངལ་རྩོལ་བྱེད་དུ་བཅུག་པའི་རྐྱེན་གྱིས།མགོ་དང་རྩིབ་མར་རྨས་སྐྱོན་བཟོས་པ། ཁོག་པར་ཆུ་གསོག་པ་བཅས་ཀྱི་ནད་གཞི་ཅན་དུ་གྱུར་ཡོད་སྐོར་བརྗོད་བྱུང་།

ཡང་འབྲེལ་ཡོད་བོད་མི་གཞན་དེས་དགེ་འདུན་ཕུན་ཚོགས་ལགས་འཛིན་བཟུང་རྗེས་རྔ་བ་རྫོང་ནས་བཀྲ་ཤིས་རྫོང་མི་དམངས་ཁྲིམས་ཁང་ཟེར་བ་ཞིག་ལ་ཁྲིད་ཡོད་པ་དང་། བཙོན་ཁང་དེས་ཁོང་ལ་མི་ལོ་༤ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་རྗེས། ཟི་ཁྲོན་ཏི་ཡཱང་(Deyang Prison)བཙོན་ཁང་དུ་བཅུག་ནས་ངལ་རྩོལ་བསྒྱུར་བཀོད་བྱས་ཤིང་། བཙོན་ལས་གཙོ་བོ་ནི་བཙོན་ཁང་དེའི་གྱོན་པ་བཟོ་ས་ཞིག་ཡིན་པ་དང་།དེང་སྐབས་ད་དུང་ཁོང་གི་འགྲོ་འདུག་རང་དབང་ཐད་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་ཡིག་ཆ་ཁག་ཏུ་ཁོང་ནག་ཉེས་ཅན་གྱི་མིང་ཐོའི་ནང་བཅུག་པ་སོགས་བྱས་ཡོད་པས་རྒྱུན་པར་ཉེན་རྟོག་ཁང་དུ་འགྲོ་དགོས་སྐོར་འགྲེལ་བརྗོད་གནང་བྱུང་།

དགེ་འདུན་ཕུན་ཚོགས་ལགས་ནི་རྔ་བ་རྫོང་ཕྱུགས་ལས་འགབ་མའི་གཅའ་ཡུལ་ཚོའི་པདྨ་ལྷ་ཐང་སྡེ་བ་ནས་ཡིན་པ་དང་། ཁོང་གིས་དེ་སྔ་ཞི་རྒོལ་སྐད་འབོད་བྱེད་སྐབས་རང་ལོ་༡༦་དང་། སྐབས་དེར་ཁོང་གིས་རྔ་བ་ཀིརྟི་དགོན་པའི་སྔོན་འགྲོའི་འཛིན་གྲྭར་སློབ་གཉེར་གནང་བཞིན་ཡོད་པ་རེད་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎