ཝིཡེཏ་ནམ་སངྒ་ནང་པའི་ལྷན་ཚོགས་ཀྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ་འབྱུང་འགྱུར་བོད་བརྒྱུད་ནང་བསྟན་དང་མཉམ་རུབ་ཀྱིས་བསྟན་པ་རྒྱས་ཐབས་ཀྱི་ལས་འཆར་ཁག་ཅིག་ཐོག་སྙན་གསན་ཕུལ་ཡོད་པ།
ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་ཨེ་ཤེ་ཡའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་དུ་ཚོགས་བཅར་གནང་མཁན་གྲས། ཝིཡེཏ་ནམ་རྒྱལ་ཁབ་ཀྱིས་གཞུང་འབྲེལ་ངོས་ལེན་ཡོད་པའི་ནང་པའི་ལྷན་ཚོགས་གཅིག་པུ་སྟེ། ཝིཡེཏ་ནམ་སངྒ་ནང་པའི་ལྷན་ཚོགས་ཀྱི་ཚོགས་མི་བཞི་བཅུ་ལྷག་བཞུགས་སྒར་དུ་ཆེད་བཅར་གྱིས། ཟླ་ ༡༡ ཚེས་༨ ཉིན་༧གོང་ས་མཆོག་ལ་མཇལ་བཅར་དང་འབྲེལ། ཝིཡེཏ་ནམ་ནང་འཚོག་འཆར་གྱི་ནང་པའི་ཚོགས་ཆེན་དུ་བོད་བརྒྱུད་ནང་པའི་སྐུ་ཚབ་ཆེད་གཏོང་གནང་རྒྱུ་དང་། ཝིཡེཏ་ནམ་ནང་པའི་ལྷན་ཚོགས་དང་བོད་བརྒྱུད་ནང་བསྟན་བར་མཉམ་རུབ་ཕྱག་ལས་གནང་རྒྱུ། ༸གོང་ས་མཆོག་གི་གསུང་རྩོམ་ཅི་མང་ཝིཡེཏ་ནམ་གྱི་སྐད་ཡིག་ནང་བསྒྱུར་རྒྱུའི་ཆོག་མཆན་ཞུས་པ་སོགས་ཀྱི་རེ་སྐུལ་ཐད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་ཕེབས་པ་སོགས་ཀྱི་སྐོར། ཝིཡེཏ་ནམ་སངྒ་ནང་པའི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ཝིཡེཏ་ནམ་ནང་པའི་སློབ་ཆེན་གྱི་སློབ་གཙོ་གཞོན་པ། དགེ་སློང་ཐིཀ་ཉག་ཏུ་ལགས་ནས་འགྲེལ་བརྗོད་གནང་གི་འདུག
དེ་ཡང་ཁོང་གིས། ང་ཚོ་ཝིཡེཏ་ནམ་ནང་པའི་ལྷན་ཚོགས་ཀྱི་ཚོགས་མི་ ༤༥ འདི་གར་ཆེད་དུ་བཅར་ཡོད་པ་དང་།མཇལ་ཁའི་བསྐལ་བཟང་གི་སྐབས་འདིར་ང་ཚོས་འབྱུང་འགྱུར་ཝིཡེཏ་ནམ་ནང་པའི་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་སྟེ། ལོ་རྗེས་མའི་ནང་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཞིག་གནང་འཆར་ཡོད་པར། རྡ་རམ་ས་ལ་ནས་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་གཏོང་གནང་ཡོང་བ་ཞེས་༸གོང་ས་མཆོག་ལ་རེ་སྐུལ་ཞུས་པར་ཞལ་བཞེས་བཟང་པོ་གནང་བ་དང་། གཉིས་འབྱུང་འགྱུར་བོད་དང་ཝིཡེཏ་ནམ་གྱི་ནང་པའི་ཆོས་བརྒྱུད་གཉིས་ནས་མཉམ་རུབ་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་བའི་ཐད། བོད་ཀྱི་བླ་མ་ཞིག་དམིགས་འཛུགས་ཆོག་མཆན་ཡོང་བའི་དགོངས་སྐོར་ཞུས་པ་དང་། གསུམ་ནས་༧གོང་ས་མཆོག་གི་གསུང་རྩོམ་ཕྱག་དེབ་ ༣༠ ལྷག་ཝིཡེཏ་ནམ་གྱི་སྐད་ཡིག་ནང་བསྒྱུར་ཟིན་པ་དང་། འབྱུང་འགྱུར་ཡང་ཅི་མང་ཞིག་བསྒྱུར་ཆོག་པའི་ཆོག་མཆན་བཀའ་དྲིན་ཆེ་བར་ཞུས་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྤྱིའི་ནང་པའི་དབུ་ཁྲིད་ཀྱི་མིག་ལྟོས་གནང་ས་དང་། བསྟན་འགྲོའི་དཔལ་མགོན་དུ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། ད་དུང་ཁོང་གིས་༸གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་ཉམས་ལེན་གནང་ཐུབ་ན།སྐྱེ་བོ་དེ་སོ་སོའི་རྒྱལ་ཁབ་དང་སྤྱི་ཚོགས་ནང་མི་བཅས་ལ་ཕན་ཐོགས་ཡོད་པའི་མི་ཞིག་ཆགས་ངེས་ཅན་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཝིཡེཏ་ནམ་ནི་དམར་ཤོག་གི་རྒྱལ་ཁབ་ཅིག་ཡིན་ནའང་ཝིཡེཏ་ནམ་གྱི་ནང་པ་མང་པོས་དུས་ནས་དུས་སུ་༸གོང་ས་མཆོག་ལ་མཇལ་བཅར་གསུང་ཆོས་ཞུ་བ་དང་། ཝིཡེཏ་ནམ་གྱི་མི་རྒན་དར་གཞོན་གསུམ་ཧ་ཅང་མང་པོས་དད་པ་མོས་གུས་ཆེན་པོ་གནང་གི་ཡོད་པ་ལྟར། ཝིཡེཏ་ནམ་གྱི་སངྒ་ནང་པའི་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དགེ་སློང་ཐིཀ་ཉག་ཏུ་ལགས་ཀྱང་། ༡༩༩༧ ལོ་ནས་བཞུགས་སྒར་དུ་ཕེབས་ཏེ་༸གོང་ས་མཆོག་ལ་མཇལ་བཅར་ཞུས་གནང་ཡོད་པ་མ་ཟད། དེང་སང་དམར་ཤོག་ཝིཡེཏ་ནམ་རྒྱལ་ཁབ་ནང་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་པ་དང་ཆབས་ཅིག ནང་པའི་ཆོས་ལ་དད་པ་དང་དོན་གཉེར་ཅན་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད་པ་རེད།།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།