སྒྲུབ་ཚེ་ལགས་ཀྱི་༤༩སྲུང་བརྩི།

༄༅། །རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་བལ་ཡུལ་ནང་གནས་བཞུགས་གྲྭ་སྒུབ་ཆེན་ཚེ་གྲུབ་ལགས་ཀྱིས་རང་སྲེག་གི་ལས་འགུལ་སྤེལ་ནས་འདས་གྲོངས་སུ་འགྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་ལྟར། ཁ་སང་ཚེས་༣ཉིན་མོ་དེ་བཞིན་ཁོང་འདས་གྲོངས་སུ་ཕྱིན་ནས་ཉིན་གྲངས་༤༩འཁོར་བའི་དུས་ཚིགས་དང་བསྟུན། བོད་མི་གནས་སྟོད་འཛམ་བུ་གླིང་གི་ས་གནས་གང་སར་མར་མེའི་ཁྲོམ་སྐོར་གཙོ་བོར་འགྱུར་བའི་ལས་འགུལ་འདྲ་མིན་བརྒྱུད་དུས་དྲན་དེ་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཆ་མཚོན་པ་ཡིན་ན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཁ་སང་ཕྱི་ཚེས་༣ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦།༣༠ནས་༨།༣༠བར་ཨ་རིའི་ཕོ་བྲང་དཀར་པོའི་མདུན་དུ་གནམ་གཤིས་གྲང་ངར་ཆེན་པོ་ཡོད་མིན་ལ་མི་ལྟོས་པར་འདུ་འཛོམས་ཀྱིས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་རེད། དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་ཆ་མཚོན་པ་ཡིན་ན། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ། དགོངས་རྫོགས་མཆོད་འབུལ་གྱི་བརྒྱུད་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། བོད་མིའི་ལས་འགུལ་དེ་དག་གི་བརྒྱུད་རྒྱལ་གཅེས་པ་དམ་པ་དེ་ཉིད་ཀྱི་བློས་གཏོང་ལ་ཡིད་རངས་བསྔགས་བརྗོད་དང་། ཁོང་གི་སྐུ་ཕུང་བལ་པོའི་གཞུང་ནས་བོད་མིར་རྩིས་སྤྲོད་མ་བྱས་པར་གསང་བའི་ཐོག་ཞུགས་འབུལ་བྱས་པར་ངོ་རྒོལ་གནང་ཡོད་པ་རེད།།