བོད་དང་ས་འབྲེལ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་བོད་དོན་སྐོར་བསྐྱོད་དང་རྒྱ་གར་མི་མང་ལ་བོད་དོན་ངོ་སྤྲོད་གནང་གི་འདུག

2021-11-02
Share
བོད་དང་ས་འབྲེལ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་བོད་དོན་སྐོར་བསྐྱོད་དང་རྒྱ་གར་མི་མང་ལ་བོད་དོན་ངོ་སྤྲོད་གནང་གི་འདུག བོད་དང་ས་འབྲེལ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་བོད་དོན་སྐོར་བསྐྱོད་གནང་བཞིན་པ་བསྟན་འཛིན་བརྩོན་འགྲུས་ལགས་འབྲས་ལྗོངས་མངའ་སྡེའི་སྣ་ཐོད་ལ་(Nathula)་རུ་འབྱོར་སྐབས། ༡༡།༠༡།༢༡
@TT/facebook

འདི་ལོའི་སྤྱི་ཟླ་༨་པའི་ཚེས་༡༧་ནས་བོད་དོན་ལས་འགུལ་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་འགོ་བཙུགས་ཏེ། ཧི་མ་ལ་ཡའི་རི་རྒྱུད་བོད་དང་ས་འབྲེལ་རྒྱ་གར་གྱི་མངའ་སྡེ་ཁག་ལྔ་ཡི་ནང་། བོད་དོན་གོ་རྟོགས་སྤེལ་བ་དང་ཆབས་ཅིག་ས་གནས་ཡུལ་མི་ཚོར། ༧གོང་ས་མཆོག་གི་མཛད་འཕྲིན་ངོ་སྤྲོད་སྐོར་བསྐྱོད་སོགས་གནང་བཞིན་པ། ད་ལྟའི་ཆར་སྤྱི་ཟླ་༡༡་པའི་ཚེས་༡་ཉིན་རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྣ་ཐོད་ལ་(Nathula)་རུ་འབྱོར་ནས། རྒྱ་གར་དང་བོད་ཀྱི་ས་མཚམས་རང་དུ་གཟིགས་ཞིབ་དང་འབྲེལ། ནུབ་བྷང་གལ་གྱི་རྡོ་རྗེ་གླིང་ས་གནས་སུ་འབྱོར་ཡོད་ཅིང་། ཁོང་གིས་སྔ་ལོ་ལ་དྭགས་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་ནས་རྒྱ་གར་གྱི་དམག་མི་ཁག་ཅིག་ཤི་རྨས་ཀྱི་གནས་ཚུལ་བྱུང་བ་ནས་བཟུང་། རྒྱ་གར་གྱི་སྤྱི་ཚོགས་ནང་རྒྱ་གར་གྱི་དགྲ་བོ་དེ་རྒྱ་ནག་ཡིན་པའི་ངོས་འཛིན་གོ་རྟོགས་གསར་པ་ཞིག་སླེབས་འདུག ཁོང་གིས་རྒྱ་གར་གྱི་ཆབ་སྲིད་གོ་རྟོགས་གསར་པ་དེ་དུས་ཚོད་བཟང་པོ་ཞིག་ཏུ་མཐོང་ནས་གོ་སྐབས་དམ་འཛིན་གྱིས། རྒྱ་ནག་གི་སྲིད་བྱུས་དེ་རྒྱ་གར་ལ་ཡག་པོ་ངོ་སྤྲོད་བྱ་ཐུབ་པར། བོད་ཀྱི་ལོ་རྒྱུས་རྒྱ་གར་ལ་བཤད་རྒྱུ་དེ་ཡག་ཤོས་སུ་མཐོང་ནས། ༧རྒྱལ་བ་རིན་པོ་ཆེ་བོད་ནས་བཙན་བྱོལ་དུ་ཕེབས་དགོས་ཀྱི་ཆབ་སྲིད་གནས་སྟངས་སོགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་ཚོར་ངོ་སྤྲོད་དང་གློག་བརྙན་གཟིགས་འབུལ་ཞུ་བཞིན་དུ་སྐོར་བསྐྱོད་བྱེད་བཞིན་ཡོད་ཅེས་དང་། ཁོང་གིས་གློག་བརྙན་གཟིགས་འབུལ་རྗེས་ལ་དྭགས་ཀྱི་མི་མང་ཚོས་༧རྒྱལ་བ་རིན་པོ་ཆེར་དེ་ཙམ་གྱི་སྐུ་ངལ་འཕྲད་པ་ཧ་གོ་མ་མྱོང་བས། ཁོང་ལ་དད་གུས་བྱེད་མཁན་ཡིན་པའི་ཆ་ནས་ངོ་ཚ་ཡི་འདུག་ཅེས་བཤད་བྱུང་ལ། ལ་ཧོར་དང་སྤི་ཏི་སོགས་ཀྱིས་༧གོང་ས་མཆོག་སྐྱབས་བཅོལ་དུ་ཕེབས་པར་བརྟེན་ནས། ཁོང་ཚོའི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་ལ་ཕན་ཐོགས་ཆེན་པོ་བྱུང་བའི་ངོས་འཛིན་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཁོང་ད་ཐེངས་བོད་དང་ས་འབྲེལ་ཐག་ཉེ་མང་པོ་ལ་འགྲོ་རྒྱུ་བྱུང་བ་དང་། སྣ་ཐོད་ལ་ཡི་ས་མཚམས་སུ་སོང་སྐབས་བོད་ཀྱི་ས་ཕྱོགས་ནས་རྒྱ་ནག་གི་དམག་གིས་ཚུར་པར་བརྒྱབ་པ་མཐོང་བ་དང་། སྐབས་དེར་སེམས་མ་སྐྱིད་པ་བྱུང་བ་སོགས་འགྲེལ་བརྗོད་གནང་གི་འདུག
བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་བོད་དོན་བསྐོར་སྐྱོད་ཀྱི་ལས་འགུལ་སྤེལ་ཏེ་ཉི་མ་༧༨་འགྲོ་བཞིན་པ་དང་། ད་ལྟའི་ཆར་རྒྱ་གར་གྱི་བོད་དང་ས་འབྲེལ་ལ་དྭགས་དང་ཧི་མ་ཅལ། ཨུ་ཏུར་ཁན། འབྲས་ལྗོངས་བཅས་མངའ་སྡེ་ཁག་༤་ཡི་ནང་བསྐོར་བསྐྱོད་ཚར་ནས་མཐའ་མའི་ས་གནས་དེ་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་མཇུག་བསྡོམས་གནང་གཏན་འཁེལ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།