ཝང་ཧྲུའུ་ཇོན་ལ་ཁྲིམས་བཤེར་གྱིས་ཨ་རིའི་ནང་སོ་མྱུལ་གྱི་ལས་དོན་སྤེལ་ཡོད་པ་ར་སྤྲོད་བྱས་འདུག
ལོ་ན་༧༦ ཡིན་པའི་ཨ་རིའི་ལོ་རྒྱུས་རིག་པ་བ་རྒྱ་རིགས་ཝང་ཧྲུའུ་ཇོན་ལ་ཨ་རིའི་སྦུརུཀ་ལིན་ཁྲིམས་ཁང་ནས་ཕྱི་ཟླ་ ༨ ཚེས་ ༦ ཉིན་ཁྲིམས་གཤེར་བྱས་རྗེས་རྒྱ་ནག་དམར་ཤོག་ཚོཊ་པའི་ཆེད་སོ་མྱུལ་གྱི་ལས་དོན་སྒྲུབ་ཡོད་པ་ར་སྤྲོད་བྱུང་བ་བརྗོད་འདུག ཝང་གིས་ནིའུ་ཡོཀ་གྲོང་ཁྱེར་གྱི་(Flushing)་ས་གནས་སུ་དམངས་གཙོ་དོན་གཉེར་བའི་ལས་འགུལ་ལ་མྱུལ་ཞིབ་བྱེད་པ་དང་། (MSS) ཞེས་རྒྱ་ནག་གི་བདེ་སྲུང་ལྷན་ཁང་ངམ་གསང་བའི་ལས་ཁུངས་ཀྱི་ཆེད་གསང་མྱུལ་གྱི་ལས་དོན་བསྒྲུབས་ཡོད་པ་ཐེར་འདོན་ར་སྤྲོད་བྱས་འདུག འོན་ཀྱང་ཝང་གིས་ནག་ཉེས་དེ་དག་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད།
ཝང་ནི་༡༩༩༤ ལོར་རྒྱ་ནག་ནས་ཨ་རིར་གནས་སྤོ་བྱས་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༣ པའི་ནང་ཐོག་མར་ཨ་རིའི་ཉེན་རྟོག་པས་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་རེད།
རྒྱ་ནག་ནང་སྐྱེས་ཤིང་ཨ་རིའི་མི་སེར་ཡིན་པ་དགེ་རྒན་ཆེན་མོ་ཟུར་པ་ཝང་ཧྲུའུ་ཇོན་ (Wang Shujun) གྱིས་ཨ་རིའི་ནང་དམངས་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ལས་འགུལ་བ་ཞིག་ཡིན་ཁུལ་གྱིས་ཨ་རིའི་ནང་རྒྱ་ནག་གཞུང་གི་ཆེད་གསང་བའི་ལས་ཀ་བྱེད་ཀྱི་ཡོད་པ་ཉེ་བའི་ཉིན་ཤས་རིང་ཁྲིམས་བཤེར་བྱས་པ་བརྒྱུད་ནག་ཉེས་ར་འཕྲོད་བྱུང་ཡོད་པ་དང་བཅས་ཉེས་འཛུགས་ཕོག་ཡོད་པའི་སྐོར་ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་གསུངས་ཡོད་པ་དང་། དེ་ནི་བདུན་ཕྲག་གཅིག་རིང་ཁྲིམས་བཤེར་བྱས་པའི་རྗེས་ཁྲིམས་དཔོན་ལྷན་ཚོགས་ཀྱིས་ ཝང་ཧྲུའུ་ཇོན་(Wang Shujun) ལ་རྒྱ་ནག་གཞུང་ངམ་ཕྱི་རྒྱལ་གཞུང་གི་ཆེད་གསང་བའི་ལས་ཀ་བྱས་པའི་བྱ་སྤྱོད་སོགས་ཉེས་འཛུགས་ཁག་བཞི་བཙུགས་ཡོད་པ་རེད།
ཁོང་ལ་ལོ་རྗེས་མའི་ཕྱི་ཟླ་དང་པོའི་ནང་ཁྲིམས་ཆད་གཏོང་རྒྱུ་དང་སྐབས་དེར་དུས་བཀག་ལོ་ ༢༥ བར་བཙོན་འཇུག་གི་ཉེས་ཆད་ཕོག་རྒྱུ་ཡིན་པ་རེད།
ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཝང་ཧྲུའུ་ཇོན་(Wang Shujun) ནི་ཨ་རིའི་ནིའུ་ཡོག་ (Queens) ས་གནས་སུ་དམངས་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་ཧུ་ཡའོ་བང་ (Hu Yaobang) ཟེར་བ་དང་ཀྲའོ་ཙེ་ཡང་ (Zhao Ziyang) དྲན་རྟེན་ཐེབས་རྩ་ཟེར་མཉམ་དུ་འཛུགས་མཁན་གྱི་མི་སྣ་ཞིག་ཡིན་འདུག
ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་ཕྱག་རོགས་ (Matthew Olsen) ཞུ་བས། ཝང་ཧྲུའུ་ཇོན་ (Wang Shujun) གིས་དམངས་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་ལས་འགུལ་བ་ཞིག་ཡིན་ཁུལ་གྱིས་འཁྲབ་སྟོན་བྱས་ནས་ཉུང་མཐར་ཡང་ཕྱི་ལོ་ ༢༠༠༦ ནས་བཟུང་ཚོགས་མིའི་སྐོར་གྱི་གསང་བའི་གནས་ཚུལ་བསྡུ་རུབ་དང་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱེད་བཞིན་ཡོད་པའི་སྐོར་གསུངས་འདུག
དེ་བཞིན་ཨ་རིའི་ཁྲིམས་རྩོད་པ་སྦརེཡོན་ པིསི་ (Breon Peace) ཞུ་བས། ཉེས་འཛུགས་དེ་ འཇོན་ལེཀཱར་ (John LeCarre) རམ་ཡང་ན་ གྷརཱམ་ གྷརིནི་ (Graham Greene) གྱི་གསང་མྱུལ་གྱི་སྒྲུང་གཏམ་ཡིན་སྲིད་ཀྱང་། ཉེས་འཛུགས་བྱེད་ཡུལ་དེས་རྒྱབ་མདུན་གྱི་ལས་ཀ་གཉིས་བྱས་པའི་མི་ཚེ་བསྐྱལ་ནས་ལོ་མང་རིང་དམངས་གཙོའི་ལས་འགུལ་བ་ཞིག་ཡིན་པའི་ཕྱི་ཚུལ་བཟུང་ནས་དོན་དུ་གསང་བའི་གནས་ཚུལ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱེད་བཞིན་ཡོད་པའི་བདེན་དཔང་དེ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད་ཅེས་གསུངས་འདུག
ཨ་རིས་ཝང་ (Wang Shujun) དང་མཉམ་དུ་རྒྱ་མི་གསང་མྱུལ་བ་བཞི་ལ་ཉེས་འཛུགས་བྱས་ཡོད་ཀྱང་ཁོང་ཚོར་ད་དུང་ཉེས་ཆད་ཕོག་མེད་པ་རེད།
གཞུང་གི་ཁྲིམས་རྩོད་པས་གསུངས་པར་གཞིགས་ན། རྒྱ་ནག་གི་གསང་བའི་ལས་ཁུངས་ནས་ཝང་ (Wang Shujun) ལ་བོད་དང་། ཡུ་གུར་རང་དབང་འཐབ་རྩོད་ཀྱི་ལས་འགུལ་བ། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ། ཐེ་ཝན་རང་བཙན་གྱི་སྐུལ་སློང་བྱེད་མཁན་ཚོའི་གསང་བའི་གནས་ཚུལ་མཁོ་སྒྲུབ་དགོས་པའི་བཀོད་ཁྱབ་ཡོད་པའི་སྐོར་གསུངས་འདུག
ནིའུ་ཡོག་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སྡེ་ཚན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་བ་དང་། དམངས་གཙོ་དོན་གཉེར་བ་ཤའ་མིང་ (Xia Ming) ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཚན་སྙན་གྲགས་ཆེན་པོ་ཡོད་པ་དང་། རྒྱལ་སྤྱིའི་ནང་དམངས་གཙོ་དོན་གཉེར་བ་ཤུགས་ཆེན་པོ་ཡོད་པ་དེས་རྒྱ་ནག་གཞུང་ལ་གནོད་ཀྱི་ཡོད་པ་རྒྱ་གཞུང་གིས་ཤེས་རྟོགས་ཡོད་པའི་ཐོག་ཕྱོགས་གང་སར་རྒྱ་ནག་གཞུང་གིས་སོ་མྱུལ་འཇོག་ཐབས་བྱས་ནས་དམངས་གཙོ་དོན་གཉེར་བའི་སྤྱི་ཚོགས་ཁྲོད་འཇིགས་སྣང་གི་ཚོར་བ་སྤྲོད་ཐབས་བྱེད་ཀྱི་ཡོད་ནའང་། ང་ཚོ་ཡང་སྤྱང་གྲུང་ལྡན་པའི་ངང་མགོ་སྐོར་བསླུ་བྲིད་འོག་མི་ཚུད་པ་བྱས་ཏེ་སོ་སོའི་ལངས་ཕྱོགས་བརྟན་པོ་བཟུང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དེ་བཞིན་ང་ཚོའི་ཁོར་ཡུག་ནང་སུ་ཞིག་སོ་མྱུལ་ཡིན་མིན་ཞིབ་བཤེར་བྱེད་རྒྱུར་ཁག་པོ་ཆགས་པའི་གནས་སྟངས་འོག་ཨ་རིའི་གཞུང་གིས་མི་སྣ་འཛིན་བཟུང་དང་ཞིབ་དཔྱོད་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་དུས་ཧ་ཅང་སྤོབས་པ་ཆེན་པོ་སྤྲོད་ཀྱི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དེ་སྔོན་གསུངས་ཡོད།
ཕྱི་ལོ་༢༠༢༢ ཟླ་ ༣ ནས་ཝང་ཧྲུའུ་ཇོན་ཟེར་བ་ཨ་རི་གཞུང་གིས་འཛིན་བཟུང་བྱས་འདུག་པ་དང་། དེ་རྗེས་ཁོ་པས་ཨ་སྒོར་འབུམ་ ༣ གཏའ་དངུལ་བཞག་པའི་གནས་སྟངས་འོག་གློད་གྲོལ་བཏང་ཡོད་འདུག ཁོང་གིས་ཐེངས་མང་པོར་སོ་སོར་ཉེས་པ་ཡོད་པ་ངོས་ལེན་བྱས་མེད་པ་དང་། ཁོང་གི་ཁྲིམས་རྩོད་པས་ཝང་ཧྲུའུ་ཇོན་གྱིས་རྒྱ་ནག་གི་དཔོན་རིགས་དང་འབྲེལ་བ་བྱས་པ་དེ་ནི་རྒྱ་ནག་སྲིད་གཞུང་མགོ་རྟིང་སློག་རྩིས་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག ཝང་ཧྲུའུ་ཇོན་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་བདེ་སྲུང་མི་སྣ་དང་འབྲེལ་བའི་མི་བཞི་ད་དུང་བྲོས་བྱོལ་ལ་ཕྱིན་ཡོད་འདུག
ཕྱི་ལོ་ ༢༠༢༠ ནང་དུ་ཡང་ཨ་རིའི་ནིའུ་ཡོག་ནང་བོད་མི་ཚོའི་ཐོག་སོ་མྱུལ་བྱས་པའི་ཉེས་མིང་འོག་པདྨ་དར་རྒྱས་ངག་དབང་ (Baimadajie Angwang) ཟེར་བ་ཞིག་འཛིན་བཟུང་དོ་དམ་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།