མི་སུ་གང་ཡང་ཐར་ས་མེད་ཅེས་ཉེན་བརྡ་བཏང་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིན་གཙོས་ས་ཆ་མང་པོ་ཞིག་ཏུ་མཁའ་དབུགས་འབག་རྩོག་ཐེབས་ནས་བར་སྣང་ཐལ་རྡུལ་གྱིས་ཁེབས་པའི་གནས་སྟངས་མུ་མཐུད་པ་དང་། མི་སུ་གང་ཡང་ཐར་ས་མེད་ཅེས་ཉེན་བརྡ་བཏང་འདུག

དེ་ཡང་རྒྱ་ནག་གི་ས་ཁུལ་མང་པོ་ཞིག་ཏུ་མཁའ་དབུགས་འབག་རྩོག་གི་གནས་སྟངས་མུ་མཐུད་དུ་ཚབས་ཆེན་ཡིན་པ་དང་། རྒྱ་ནག་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཚེས་༣༠ཉིན་ཐ་རྡུལ་མུ་མཐུད་དུ་ཁེབས་པའི་ས་ཁུལ་གཙོ་བོ་ནི་པེ་ཅིན་དང་། ཐེན་ཅིན། ཧུ་པེ། ཧུ་ནན། ཧྲན་ཏུང་། ཅང་སུའུ། ཨན་ཧོས། ཧྲན་ཞི། སུ་ཁྲོན་སོགས་ཡིན་ཞིང༌། ཐལ་རྡུལ་ཁེབས་ཚད་སྤྱི་ལེ་གྲུ་བཞི་མ་བརྒྱ་དང་བཅོ་ལྔ་ཟིན་ཡོད་ལ། ཚེས་༢༩ཉིན་སྤྱི་ལེ་གྲུ་བཞི་མ་༡༤༠ལས་བརྒལ་ཡོད་པས། རྒྱ་ནག་གི་སྤྱིའི་ས་ཁྱོན་གྱི་བརྒྱ་ཆའི་བཅུའི་ཡན་ཟིན་ཡོད་ཟེར། རྒྱ་ནག་གི་ཁ་དབུགས་འབག་རྩོག་གནས་སྟངས་ཚབས་ཆེ་རུ་འགྲོ་བའི་སྐབས་འདིར་། དེ་སྔོན་རྒྱ་ནག་ནང་གློ་ནད་སྔོན་འགོག་ཐད་ཉམས་མྱོང་ཡོད་པའི་སྨན་པ་ཞིག་གིས་། གློ་བའི་འགོས་ནད་ཅན་གྱི་ནད་པ་ལོགས་སུ་བཀར་ཆོག་ལ་ཁ་དབུགས་ནི་དེ་འདྲ་མ་ཡིན་པར་། མི་སུ་གང་ཡང་ཐར་ས་མེད་ཅེས་ཉེན་བརྡ་བཏང་འདུག ཁོང་གིས་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་བཅར་འདྲི་ཞིག་ཏུ་། ཁ་དབུགས་འབག་རྩོག་ནི་དབུགས་རྒྱུ་ལམ་གྱི་འགོས་ནད་བྱུང་ས་གཙོ་བོ་དེ་ཆགས་ཡོད་ཕྱིར། པེ་ཅིན་དུ་ལོ་བཅུའི་ནང་གློ་བའི་གཉན་སྐྲན་བྱུང་བའི་ནད་པ་བརྒྱ་ཆའི་དྲུག་ཅུ་ཇེ་མང་ལ་སོང་ཡོད་ཅེས་འགྲེལ་བརྗོད་བྱས་འདུག