འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ཝུའུ་ཧན་དུ་འབྱོར་འདུག

2021-01-15
Share
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ཝུའུ་ཧན་དུ་འབྱོར་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ཝུའུ་ཧན་དུ་འབྱོར་སྐབས། ༠༡།༡༤།༢༡
AFP

ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་རྩ་སོགས་ཞིབ་འཇུག་ཆེད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ཝུའུ་ཧན་དུ་འབྱོར་ཡོད་ཀྱང་ཉིན་བཅུ་བཞིར་ཁྱིམ་སྡོད་བཀའ་རྒྱའི་འོག་འདུག
ཀོཝིཌ་༡༩ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་རྩད་ཞིབ་སླད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་མངགས་གཏོང་བྱས་པའི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ཏུ་འབྱོར་ཡོད་པ་དང་། འདི་ཚེས་༡༥ཉིན་རེས་གཟའ་པ་སངས་ཉིན་ཝུའུ་ཧན་གྲོང་ཁྱེར་གྱི་མགྲོན་ཁང་ནས་རྒྱ་ནག་གི་འབྲེལ་ཡོད་མི་སྣ་དང་ལྷན་དུ་དྲ་ལམ་བརྒྱུད་ཚོགས་འདུའི་འབྲེལ་མོལ་འགོ་འཛུགས་བྱས་ཡོད་པ་རོའུ་ཡེ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་སྐུ་ཚབ་ཚོགས་པ་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་གྲོང་ཁྱེར་དུ་འབྱོར་ཡོད་པ་རེད། འོན་ཀྱང་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་གཉིས་སིང་གྷ་ཕོར་(Singapore)ནང་ཏོག་དབྱིབས་རིམས་ནད་ཀྱི་བརྟག་དཔྱད་བྱས་སྐབས་འགོས་ནད་ཡོད་མིན་གྱི་གྲུབ་འབྲས་ཁ་གསལ་མེད་པར་བརྟེན་ཝུའུ་ཧན་དུ་བསྐྱོད་རྒྱུར་ཆོག་མཆན་སྤྲད་མེད་པ་རེད།
ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་(Peter Daszak)ལགས་ཀྱིས། ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་རྣམས་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་དུ་བདེ་ལེགས་ངང་འབྱོར་ཡོད། སྔོན་གྱི་ཁྲིམས་སྒྲིག་ལྟར་ད་ལྟའི་ཆར་ཁོང་རྣམས་ཉིན་གྲངས་༡༤རིང་ཁྱིམ་སྡོད་ཀྱིས་སྤྱི་ཚོགས་རྒྱང་བཀྱེད་བྱེད་བཞིན་ཡོད་ཀྱང་ཞིབ་འཇུག་གི་ལས་དོན་དེ་དྲ་ལམ་བརྒྱུད་རེས་གཟའ་པ་སངས་ནས་འགོ་འཛུགས་བྱས་ཡོད་ལུགས་(Twitter)དྲ་ལམ་བརྒྱུད་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་གསལ་ལྟར་ན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་སྐུ་ཚབ་ཚོགས་པ་བཞུགས་ཡུལ་ཝུའུ་ཧན་གྲོང་ཁྱེར་ནང་གི་མགྲོན་ཁང་གི་ཕྱི་ལ་ས་གནས་རྒྱ་ནག་གཞུང་གི་བདེ་འཇགས་མི་སྣ་མང་འགྲེམས་འཇོག་གིས་སྲུང་བྱ་དམ་པོ་བྱེད་བཞིན་ཡོད་འདུག ཨ་རི་གཞུང་གིས་སྔ་ལོ་ཏོག་དབྱིབས་རིམས་ནད་ཐོག་མར་ཝུའུ་ཧན་ནས་མཆེད་པའི་སྐབས། རྒྱ་ནག་གཞུང་གིས་ནད་ཡམས་ཀྱི་འབྱུང་ཁུངས་དང་ཉེན་ཚབས་སྐོར་གནས་ཚུལ་སྦས་གསང་བྱས་པའི་སྐྱོན་འཛུགས་ཡོད་ཅིང་། ད་རེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་མཁས་པའི་སྐུ་ཚབ་ཚོགས་ཆུང་གི་ཞིབ་འཇུག་གི་ལས་དོན་དེ་བཞིན་ཕྱི་གསལ་ནང་གསལ་དགོས་པའི་སྐོར་གླེང་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་ནས་ཞིབ་འཇུག་སྐུ་ཚབ་ཚོགས་པའི་རྟོགས་ཞིབ་ཀྱི་ལས་དོན་ནང་རྒྱ་ནག་གི་ཉམས་ཞིབ་མི་སྣས་ལས་དོན་སྣེ་འཁྲིད་བྱ་དགོས་པའི་ཆ་རྐྱེན་ལ་སྐྱོན་བརྗོད་བྱས་འདུག
ཨོ་སུ་ཁྲི་ལེ་ཡ(Australia)ནས་ཡིན་པའི་ནད་འབུ་དཔྱད་ཞིབ་སྨན་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་སྐུ་ཚབ་ཚོགས་པའི་གྲས་སུ་ཡོད་པ་(Dominic Dwyer)ཞུ་བས། ཁོང་དང་ཕྱག་འབྲེལ་ཞིབ་འཇུག་སྐུ་ཚབ་ཚོགས་མི་རྣམས་ནས་ཞིབ་འཇུག་གི་ལས་དོན་སྐབས་ཆབ་སྲིད་ཀྱི་ཤུགས་རྐྱེན་དང་ཐེ་ཇུས་ལས་གང་ཡོང་གཡོལ་ཐབས་བྱ་རྒྱུ་དང་། ད་ལྟའི་ཆར་ཁོང་རྣམས་ཁྱིམ་སྡོད་བཀའ་རྒྱའི་འོག་གནས་ཡོད་པར་བརྟེན་ཞིབ་ཕྲའི་ལས་རིམ་ཁ་གསལ་མེད་ཀྱང་། རིམ་བཞིན་ཝུའུ་ཧན་གྲོང་ཁྱེར་གྱི་ཉམས་ཞིབ་ཁང་དང་སྨན་ཁང་། དེ་བཞིན་སྔོ་ཚལ་ཁྲོམ་ར་བཅས་པར་དངོས་སུ་གཟིགས་ཞིབ་ཏུ་བསྐྱོད་ཐུབ་རྒྱུའི་རེ་བ་བྱེད་བཞིན་པ་གསུང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།