ཏོག་དབྱིབས་ནད་འབུ་གསར་བ་བོད་ནང་ཁྱབ་ཉེན་ལ་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག

2020-01-24
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མི་གཉིས་ཀྱིས་ཁ་རས་རྒྱབ་ནས་པེ་ཅིང་དུ་ཡུལ་སྐོར་བྱེད་བཞིན་པ། ༢༠༢༠།༡།༢༣
བོད་མི་གཉིས་ཀྱིས་ཁ་རས་རྒྱབ་ནས་པེ་ཅིང་དུ་ཡུལ་སྐོར་བྱེད་བཞིན་པ། ༢༠༢༠།༡།༢༣
AFP

རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དེ་བོད་ནང་ཁྱབ་ཉེན་ལ་བོད་མི་ཚོས་སེམས་ཚབས་ཆེན་པོ་བྱེད་བཞིན་འདུག
རྒྱ་ནག་ནང་ཏོག་དབྱིབས་ནད་འབུ་གསར་པའི་རིམས་ནད་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་དང་། རིམས་ནད་དེའི་དབང་གིས་འདས་གྲོངས་སུ་འགྲོ་མཁན་ཡང་མང་དུ་འགྲོ་བཞིན་པའི་ཛ་དྲག་རང་བཞིན་ཅན་གྱི་གནས་སྟངས་འོག ནད་འབུ་དེ་བོད་ནང་ཁྱབ་ཉེན་ཐད་བོད་ནང་གི་བོད་མི་ཚོར་སེམས་ཚབས་ཆེན་པོ་བྱུང་བཞིན་ཡོད་འདུག ལྷག་པར་དུ་ཏོག་དབྱིབས་ནད་འབུ་གསར་པའི་རིམས་ནད་དེའི་འབྱུང་ཡུལ་གཙོ་བོ་རྒྱ་ནག་ཧུའུ་པེ་ཞིང་ཆེན་གྱི་རྒྱལ་ས་ཝུའུ་ཧན་ནས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ཟི་ལིང་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཡོང་མཁན་གྱི་འགྲུལ་སྐྱེལ་གནམ་གྲུ་ཕྱི་ཟླ་ ༡ ་ཚེས་ ༢༣ ་བར་མུ་མཐུད་ནས་སླེབས་ཡོད་ལ། དཔེར་ན་ཕྱི་ཚེས་ ༢༣ ་ཉིན་ཝུའུ་ཧན་ནས་ཟི་ལིང་དུ་གནམ་གྲུའི་ནང་མི་གྲངས་ ༡༢༨ ་འབྱོར་ཞིང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་འདིའི་ཐད་སེམས་ཚབས་ཐོག་ཁོང་ཚོར་རིམས་ནད་དེ་ཡོད་མེད་ཞིབ་དཔྱོད་བྱེད་བཞིན་ཡོད་པ་བརྗོད་ཡོད་པ་རེད། དེ་མིན་སྤྱི་ཚོགས་དྲ་ལམ་ཁག་ན་རྒྱ་མོ་ཞིག་གིས་ལྷ་ས་ནས་སྤེལ་བའི་བརྙན་ཐུང་ཞིག་འགྲོ་བཞིན་པའི་ནང། ཁོ་མོས། ང་ཁ་ལག་ཟ་རུ་འགྲོ་རྒྱུ་ཡིན། ངའི་ཨ་ཅག་ཝུའུ་ཧན་ནས་ལྷ་སར་ཡོང་བ་རེད། ང་ཚོ་དེར་སྐྲག་གིན་མེད། ཁ་ལག་ཟ་རུ་འགྲོ་རྒྱུ་ཞེས་བཤད་འདུག བརྙན་ཐུང་དེ་ཐོན་རྗེས་བོད་མི་མང་པོ་ཞིག་གིས་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། དྲ་མིང་ལ་ཨ་མ་ལྷ་མོ་ཟེར་བ་ཞིག་གིས་བོད་པ་ཚོ་རང་ས་རང་ཡུལ་ལ་ཡོང་ན་ཐོབ་དབང་མེད་པར་དམ་དྲག་བྱེད་པ་རེད། ནད་ཡམས་ཀྱི་ས་ཁོངས་ནས་ཡོང་བའི་མི་དག་བོད་ཡུལ་ལ་ཡོང་ན་ཡང་འགོག་མཁན་མེད་པ་དེ་ཨ་མཚར། ཞེས་བྲིས་འདུག
རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུ་གསར་བ་ད་བར་ཁྱོན་བསྡོམས་མི་གྲངས་ ༩༠༠་ཙམ་ལ་འགོས་ཟིན་པ་མ་ཟད། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༢༦ ་འདས་གྲོངས་སུ་ཕྱིན་ཡོད། དེ་ནས་རིམ་པས་རྒྱ་ནག་ཕྱི་ལོག་གི་ཡུལ་གྲུ་ཉི་ཧོང་དང་། ཐེ་ལེན་ཊི། ཐེ་ཝན། སིངྒ་པུར། ལྷོ་ཀོ་རི་ཡ། ཝིཡེཏ་ནམ། ཨ་མི་རི་ཀ་བཅས་ཀྱི་ནང་སླེབས་ཡོད་པ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་བྱས་ཡོད་ལ། ད་ཆ་བལ་ཡུལ་ནང་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་སློབ་སྦྱོང་དུ་ཕྱིན་པའི་སློབ་ཕྲུག་ཞིག་ལ་ཡང་ཏོག་དབྱིབས་ནད་འབུ་གསར་པའི་ན་ཚ་འགོས་ཡོད་པ་བལ་ཡུལ་གཞུང་གི་འཕྲོད་བསྟེན་ལྷན་ཁང་གིས་གསལ་བསྒྲགས་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།