ཉམས་ཐག་ཚོར་ལྟ་སྐྱོང་ཆེད་༧གོང་ས་མཆོག་གིས་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་ཞལ་འདེབས་སྩལ།


2020-03-31
Share
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2020/1 བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2020/1
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མཆོག་གིས་བཙུགས་པའི་ཉམས་ཐག་ལྟ་སྐྱོང་མ་དངུལ་ཐེབས་རྩར་ཕྱག་དངུལ་ཞལ་འདེབས་སྩལ་འདུག
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མཆོག་གིས་བཙུགས་པའི་ཉམས་ཐག་ལྟ་སྐྱོང་མ་དངུལ་ཐེབས་རྩར་ཕྱག་དངུལ་ཞལ་འདེབས་སྩལ་འདུག
རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་དེ་ད་ཆ་འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱ་ཡན་ངང་ཁྱབ་བཞིན་པ་དང་། ཉེ་ལམ་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་དྷི་(Modi)་མཆོག་གིས། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འོག་གི་མི་དམངས་ཉམས་ཐག་ཚོར་བཟའ་ཆས་རིགས་མཁོ་སྤྲོད་ཀྱི་ཆེད་དུ་ཛ་དྲག་ལྟ་སྐྱོང་མ་དངུལ་ཐེབས་རྩ་བཙུགས་ཡོད་པ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༣༡་ཉིན། སྲིད་བློན་གྱི་ཐེབས་རྩ་དེར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་༧གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཚན་ཐོག་ཕྱག་དངུལ་གང་ཙམ་ཞིག་ཞལ་འདེབས་དང་། གདུང་སེམས་མཉམ་སྐྱེས་ཀྱི་ཕྱག་ཡིག་སྩལ་གནང་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གདུང་སེམས་མཉམ་སྐྱེས་ཀྱི་ཕྱག་ཡིག་དེའི་ནང་གསལ་ལྟར་ན། ད་ལྟ་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཆེད་དུ། རྒྱ་གར་རྒྱལ་ཡོངས་སྒོ་རྒྱག་དགོས་བྱུང་བའི་ཛ་དྲག་གི་སྐབས་འདིར་ཉམས་ཐག་མི་དམངས་ཚོས་དཀའ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་སྟབས། སྲིད་བློན་མཆོག་གི་ཛ་དྲག་ལྟ་སྐྱོང་མ་དངུལ་ཐེབས་རྩ་འདི་ལྟ་བུས་ཉམས་ཐག་ཚོར་ཛ་དྲག་དགོས་ངེས་རོགས་སྐྱོར་གནང་ཐུབ་པ་ཞིག་ཆགས་ཡོད་པར་སོང་། ཛ་དྲག་གི་དུས་ཚོད་འདི་འདྲའི་སྐབས་ཚང་མས་མཉམ་རུབ་ཀྱི་ནུས་པ་སྟོན་རྒྱུའི་དུས་ཚོད་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
དེ་བཞིན་རྒྱ་གར་གྱི་སྲིད་བློན་མཆོག་གིས་སྣེ་ཁྲིད་རྒྱ་གར་དབུས་གཞུང་དང་། ཁྱིམ་མཚེས་རྒྱལ་ཁབ་ཚོས་མཉམ་འབྲེལ་གྱི་ཐོག་ནས་ནད་ཡམས་གསར་བར་གདོང་ལེན་གྱི་ཆེད་དུ། མ་དངུལ་ཐེབས་རྩ་བཙུགས་པ་དང་། བསམ་ཚུལ་བརྗེ་ལེན། མཁས་ལས་མི་སྣའི་ཤེས་བྱ་བེད་སྤྱོད་བྱས་པ་དེར་བསྔགས་བརྗོད་དང་། མ་འོངས་པར་འདི་ལྟ་བུའི་ཛ་དྲག་དཀའ་ངལ་འཕྲད་སྐབས་གདོང་ལེན་བྱེད་ཕྱོགས་ཀྱི་དཔེ་མཚོན་ལྟ་བུ་ཆགས་རྒྱུར་ཕན་ཐོགས་ཡོད་པ་བཀའ་གནང་ཡོད་འདུག
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མི་དྷིས་མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་གཞུང་ནས་ཏོག་དབྱིབས་ནད་ཡམས་གསར་བ་འདི་ཁྱབ་གདལ་མི་འགྲོ་བ་དང་། སྔོན་འགོག་ཆེད་དུ་ཕྱག་ལས་གནང་བཞིན་པ་དེ་དག་ཚང་མ་ལམ་ལྷོང་ཡོང་བའི་ཡིད་ཆེས་ཡོད་པ་བཀའ་སྩལ་ཡོད་འདུག
དེ་བཞིན་ཡང་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱི་ཉིན་གཅིག་གི་གསོལ་ཕོགས་ཆ་ཚང་ཡང་ཐེབས་རྩ་དེར་ཞལ་འདེབས་སུ་གནང་གཏན་འཁེལ་ཡོད་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༣ ་པའི་ཚེས་༣༡་ཉིན་གྱི་ཞོགས་པ་བར། རྒྱ་གར་ནང་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཕོག་མཁན་མི་གྲངས་༡༠༧༡་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༢༩་འདས་གྲོངས་སུ་ཕྱིན་འདུག


མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།