རྒྱ་ནག་གི་སྲིད་འཛིན་གྱིས་ཡུཀ་རེན་ནང་གི་དམག་འཁྲུག་གི་གནས་སྟངས་ཇེ་ལེགས་སུ་གཏོང་དགོས་ལུགས་ནན་བཤད་བྱས་འདུག

དེ་ཡང་ཟླ་འདིའི་ཚེས་༢༢་ནས་༢༤་བར་ ར་ཤེ་ཡའི་གྲོང་ཁྱེར་(Kazan)་འཚོགས་པའི་༢༠༢༤་ལོའི་(BRICS)་ཞེས་པའི་རྒྱལ་ཁག་ལྔའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་སུ་རྒྱ་ནག་དང་རྒྱ་གར། ཏུར་ཀི། ཨི་རན་སོགས་ཀྱི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གི་འགོ་ཁྲིད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(Antonio Guterres)་བཅས་ཚོགས་བཅར་བྱས་ཡོད་པ་དང་། ཚེས་༢༣་རེས་གཟའ་ལྷག་པའི་ཉིན་གྱི་ཚོགས་འདུའི་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ད་ལྟའི་ཡུཀ་རེན་ནང་གི་དམག་འཁྲུག་དེ་རྒྱལ་ཁབ་གཞན་ལ་མ་ཁྱབ་པ་ཞིག་དང་དམག་འཁྲུག་དེ་ཇེ་སྡུག་ཏུ་མི་གཏོང་བ། དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་མེ་ལྕེ་ལ་སྣུམ་མི་སྣོན་རྒྱུ་བཅས་རྩ་དོན་གསུམ་དེ་ཚོར་བརྩི་སྲུང་བྱས་ཏེ་གནས་སྟངས་གང་མགྱོགས་ཇེ་ལེགས་སུ་གཏོང་དགོས་ལུགས་ནན་བཤད་བྱས་འདུག
དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱིས་ཚོགས་བཅར་རྒྱལ་ཁབ་ཁག་གིས་པུ་ཊིན་ལ་ཡུཀ་རེན་ནང་བྱུང་བཞིན་པའི་དམག་འཁྲུག་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་སྐུལ་མ་བྱས་ཡོད་པ་རེད་འདུག
ད་རེས་ར་ཤེ་ཡས་གོ་སྒྲིག་བྱས་པའི་ཚོགས་འདུ་འདི་ནི་པུ་ཊིན་གྱིས་ཕྱི་ལོ་༢༠༢༢་ལོར་ཡུཀ་རེན་ནང་དུ་དམག་དཔུང་བཏང་བ་ནས་བཟུང་། ར་ཤེ་ཡས་རྒྱལ་ཁབ་གཞན་དང་ཕྱི་འབྲེལ་ཐབས་ཇུས་ཀྱི་ཚོགས་འདུ་གོ་སྒྲིག་བྱས་བ་ཆེ་ཤོས་དེ་ཡིན་པ་དང་། དེའི་དམིགས་ཡུལ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤེ་ཡ་ལོགས་སུ་འདོན་ཐབས་བྱས་པར་རྒོལ་ལན་སློག་ཐུབ་པ་སྟོན་རྒྱུ་དེ་ཡིན་པ་མ་ཟད། པུ་ཊིན་གྱིས་ར་ཤེ་ཡའི་དམག་དཔུང་ཀྱང་དམག་སར་མདུན་བསྐྱོད་བྱེད་བཞིན་ཡོད་པ་ཚོགས་འདུའི་སྐབས་བཤད་འདུག
གཞན་བྱང་ཀོ་རི་ཡས་ཡུལ་དེའི་དམག་མི་༣༠༠༠་ཙམ་ཞིག་དམག་སྦྱོང་གི་ཆེད་དུ་ར་ཤེ་ཡའི་ནང་བཏང་ཡོད་པ་ནི་ཡུཀ་རེན་ལ་དམག་འཁྲུག་ཆེད་དམིགས་ཡོད་ན། དེ་ནི་ཧ་ལས་པའི་ཉེན་ཚབས་ཆེན་པོ་རེད་ཅེས་ཨ་རིའི་ཕྱོགས་ནས་གཟའ་ལྷག་པའི་ཉེན་བརྡ་བཏང་འདུག
བྱང་ཀོ་རི་ཡས་དམག་མི་ར་ཤེ་ཡའི་ནང་སྦྱོང་བརྡར་གྱི་ཆེད་དུ་བཏང་བ་དེས་མཐའ་མར་ར་ཤེ་ཡའི་དམག་དཔུང་དང་མཉམ་ཡུཀ་རེན་ལ་དམག་འཐབ་བྱེད་རྒྱུའི་དོགས་གཞི་བསླངས་པ་མ་ཟད། ཡུལ་གཉིས་བར་གྱི་དམག་དོན་འབྲེལ་ལམ་རྒྱ་སྐྱེད་གཏོང་བའི་རྣམ་པ་མཚོན་ཞིང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ་(Lloyd Austin)་ལགས་ཀྱིས་བྱང་ཀོ་རི་ཡས་ར་ཤེ་ཡར་ཐད་ཀར་རོགས་བྱས་ན། དེ་དང་འབྲེལ་བའི་མཇུག་འབྲས་མྱོང་དགོས་ཐུག་སྲིད་པ་རེད་ཅེས་ཉེན་བརྡ་བཏང་འདུག།
གསར་འགོད་པ། བོད་རྒྱལ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།