རྒྱ་ནག་གིས་ཐེ་ཝན་ཞི་བའི་ལམ་ནས་ཟླ་བསྒྲིལ་གཏོང་རྒྱུའི་གཏམ་བཤད།

2021-10-09
Share
རྒྱ་ནག་གིས་ཐེ་ཝན་ཞི་བའི་ལམ་ནས་ཟླ་བསྒྲིལ་གཏོང་རྒྱུའི་གཏམ་བཤད། པེ་ཅིན་དུ་མི་མང་ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་གི་རྒྱལ་དོན་ཉིན་མོ་སྲུང་བརྩིའི་མཛད་སྒོ། ༢༠༢༡།༡༠།༩།
ཨེ་ཨེཕ་པི།

དེ་ཡང་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ས་པེ་ཅིན་དུ་མི་མང་ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་གི་རྒྱལ་དོན་ཉིན་མོ་སྲུང་བརྩིའི་མཛད་སྒོའི་ཐོག་རྒྱ་ནག་མི་མང་གིས་ཁ་བྲལ་རིང་ལུགས་ལ་གདོང་ལེན་ཁ་གཏད་གཅོག་པའི་ལོ་རྒྱུས་གཏིང་གཟབ་ཡོད་ལུགས་སྐོར་གཏམ་བཤད་བྱས་ཤིང་། གཏམ་བཤད་ནང་ཞི་ཅིན་ཕིང་གིས་ཐེ་ཝན་རང་བཙན་རྒྱལ་ཁབ་ཀྱི་འདོད་ཕྱོགས་འཛིན་མཁན་ཁ་བྲལ་ཤོག་ཁག་ནི་མེས་རྒྱལ་གོང་བུ་གཅིག་བསྒྲིལ་གཏོང་རྒྱུའི་དམིགས་ཡུལ་གྲུབ་པ་ལ་འགོག་རྐྱེན་ཆེ་ཤོས་ཡིན་ལུགས་དང་། མེས་རྒྱལ་གོང་བུ་གཅིག་བསྒྲིལ་བྱ་རྒྱུ་ནི་ཐེ་ཝན་མང་ཚོགས་ཀྱི་ཁེ་ཕན་ཡིན་ལུགས་དང་། རྒྱ་ནག་གཞུང་ནས་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་གཅིག་བསྒྲིལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་དམ་བཅའ་གཙང་མ་ཡོད་ལུགས་བརྗོད་འདུག  ཞི་ཅིན་ཕིང་གིས་མུ་མཐུད་བརྗོད་དོན་དུ། རྒྱ་ནག་མི་མང་ངོས་ནས་རྒྱལ་ཁབ་ཀྱི་ས་ཁོངས་་བདག་དབང་སྲུང་སྐྱོབ་ཀྱི་ཆོད་སེམས་དང་དེ་བཞིན་སྲུང་སྐྱོབ་ཀྱི་ནུས་པ་ཇི་ཡོད་ལ་རྒྱལ་ཁབ་སུ་རུང་གི་རྩིས་ནོར་ཐེབས་རྒྱུ་མེད་པའི་སྐོར་ཉེན་བརྡ་དང་སྦྲགས་རྒྱལ་ཁབ་གོང་བུ་གཅིག་བསྒྲིལ་གྱི་དམིགས་ཡུལ་ཉག་གཅིག་འགྲུབ་རྒྱུ་ཡིན་ཞེས་གསལ་འདོན་བྱས་བཞག དེ་སྔོན་ཕྱི་ཟླ་༧པའི་ནང་སྲིད་འཛིན་ཞི་ཅིན་ཕིང་གིས་ཡོངས་གྲགས་ཆེ་བའི་རྒྱལ་ཡོངས་གཏམ་བཤད་ནང་ཐེ་ཝན་རང་བཙན་རྒྱལ་ཁབ་ཀྱི་འདོད་ཚུལ་རྩ་མེད་གཏོང་རྒྱུའི་སྡིག་ར་བསྐུལ་ཡོད་པ་དང་། དེ་བཞིན་༢༠༡༩ལོའི་གཏམ་བཤད་ནང་དྲག་ཤུགས་ཀྱི་ལམ་ནས་མེས་རྒྱལ་གོང་བུ་གཅིག་བསྒྲིལ་གྱི་དམིགས་ཡུལ་གྲུབ་རྒྱུའི་སྐོར་ཉེན་བརྡ་ལན་མང་བཏང་ཡོད་པ་རེད། འོན་ཀྱང་ད་རེས་རྒྱལ་སྟོན་ཉིན་མོ་སྲུང་བརྩིའི་གཏམ་བཤད་ནང་མེས་རྒྱལ་གོང་བུ་གཅིག་བསྒྲིལ་གྱི་ཕུགས་བསམ་བརྟན་པོ་ཡོད་པ་ནན་བརྗོད་བྱས་པ་གང་ཞིག་ལ་དྲག་ཤུགས་བེད་སྤྱོད་ལ་སོགས་པའི་སྡིག་རའི་ཚིགས་རྩུབ་བསྐྱར་ནན་བྱས་མེད་པ་གསལ་འདུག ཞི་ཅིན་ཕིང་གི་གཏམ་བཤད་ལ་ཐེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས་ལན་འདེབས་སྤྱི་བསྒྲགས་ཞིག་སྤེལ་འདུག་པའི་ནང་། ཐེ་ཝན་ནི་རང་བཙན་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པ་ལས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་འོག་རྒྱ་ནག་གི་ཆ་ཤས་མིན་པ་དང་། ཐེ་ཝན་གྱི་མ་འོངས་ནི་ཐེ་ཝན་མི་མང་གི་ཐག་གཅོད་བྱ་རྒྱུའི་གནད་དོན་ཁོ་ན་ཡིན་པ་གསལ་འདོན་བྱས་འདུག གཞན་ཡང་། ཐེ་ཝན་གྱི་རྒྱ་ནག་སྐམ་སའི་ལས་དོན་ལྷན་ཁང་གིས་ཟུར་དུ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་རྒྱ་ནག་གཞུང་ནས་ཐེ་ཝན་ས་ཐོག་ལ་དཔུང་འཛུལ་དང་ བསུན་གཙེར་ལ་སོགས་པའི་བྱ་སྤྱོད་མཚམས་འཇོག་གི་ཞི་བའི་གྲོས་མོལ་བསྐྱར་གསོ་བྱ་དགོས་ལུགས་སྐུལ་མ་བྱས་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།