འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་མཁས་དབང་ཡུ་དབྱིང་ཧྲེ་ཉེ་ཆར་སྐུ་ཚེ་འཕེན་པ་རྫོགས་འདུག

2021-08-05
Share
འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་མཁས་དབང་ཡུ་དབྱིང་ཧྲེ་ཉེ་ཆར་སྐུ་ཚེ་འཕེན་པ་རྫོགས་འདུག འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་མཁས་དབང་ཡུ་དབྱིང་ཧྲེ།
Tang Prize Foundation

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་དང་ལོ་རྒྱུས་མཁས་དབང་ཡུ་དབྱིང་ཧྲེ་ཉེ་ཆར་དགུང་གྲངས་གོ་གཅིག་ཐོག་ཨ་རིར་སྐུ་ཚེ་འཕེན་པ་རྫོགས་འདུག
ཁོང་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་གནང་མཁན་ཞིག་དང་། དེ་སྔ་༢༠༡༡་ལོར་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་དང་༧རྒྱལ་བའི་འཁྲུངས་སྐར་ལ་དམ་བསྒྲགས་བྱས་སྐབས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་རྒྱ་ནག་ནང་མི་རིགས་ཁག་གི་གནས་སྟངས་སྐོར་དཔྱད་གཏམ་སྤེལ་མྱོང་ཡོད་འདུག
སྐུ་ཞབས་ཡུ་དབྱིང་ཧྲེ་(Yu Ying-shih)་ཟླ་བ་འདིའི་ཚེས་༡་ཉིན་ཨ་རིའི་བཞུགས་གནས་སུ་སྐུ་ཚེའི་འཕེན་པ་རྫོགས་ཡོད་པ་དང་། སྐབས་དེར་དགུང་གྲངས་༩༡ལ་ཕེབས་ཀྱི་ཡོད་འདུག དམ་པ་ཁོང་ནི་མི་ཚེ་གཅིག་གི་རིང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་གནང་མཁན་ཞིག་དང་། མི་སུ་འདྲ་ཞིག་ཡིན་རུང་མི་སུ་ལ་ཡང་བཙན་པོ་དབང་ཡོད་ཐུབ་ཚོད་གཏོང་མི་རུང་བར་ངོས་འཛིན་གྱིས་རྒྱུན་འཁྱོངས་གནང་མཁན་ཞིག་རེད་འདུག་ལ། དེ་བས་རྒྱ་ནག་གི་རིག་གཞུང་གི་ལས་དབང་ལ་དོ་ཁུར་དང་། རྒྱ་ནག་དམར་ཤོག་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་མཁན་ཞིག་ཡིན་པ་འདི་གའི་རྒྱ་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་བའི་ནང་བཀོད་འདུག ཁོང་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་ལས་རིམ་ཐོག་ཆེད་མཁས་དཔྱད་ཞིབ་པའི་གྲས་ཤིག་ཀྱང་ཡིན་པ་རེད།
༢༠༡༡་ལོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་དཔྱད་གཏམ་ཞིག་སྤེལ་ཡོད་པའི་ནང་། ཁོང་གིས་བོད་ནང་གི་ངོ་རྒོལ་ལས་འགུལ་དང་བོད་མིའི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་འདུག སྐབས་དེར་ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་ལོ་༧༦་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ས་གནས་གཞུང་གིས་དམ་དྲག་བྱས་སྟབས། ལོ་ན་༢༩་ལ་སླེབས་པའི་བོད་མི་ཞིག་གིས་རང་སྲེག་ངོ་རྒོལ་བྱས་པ་དང་། དགེ་འདུན་པ་དེས་བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་༧སྐུ་ཚེ་ཞབས་པད་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པའི་གནས་ཚུལ་ཐོན་ཡོད་པ་གསུངས་འདུག
ད་དུང་ཁོང་གི་དགའ་ཉེ་ཞིག་སྐབས་དེ་དུས་བོད་ཁུལ་དུ་ཡུལ་བསྐོར་དུ་བསྐྱོད་སྐབས་ལྕགས་འཁྲབ་འཐབ་འཁོར་སུམ་ཅུ་ལྷག་ཙམ་ཁུལ་དེར་བསྐྱོད་བཞིན་པ་དངོས་སུ་མཐོང་པ་དང་། ཟུར་ཟ་ལྡན་པ་ཞིག་ནི་ལྕགས་འཁྲབ་འཐབ་འཁོར་སྟེང་བོད་རྒྱ་ཁྱིམ་ཚང་གཅིག་ཡིན་ཞེས་བྲིས་ཡོད་པ་དངོས་སུ་མཐོང་ལུགས་ཀྱི་གནས་ཚུལ་ལུང་འདྲེན་ཐོག དོན་དངོས་ཐོག་བོད་མིར་དྲག་གནོན་བྱེད་པར་བསྐྱོད་ཀྱི་ཡོད་པ་གསུངས་འདུག
དམ་པ་ཁོང་ནི་འགྲོ་བ་མིའི་ཐོབ་ཐང་ཐོག་དོ་འཁུར་གནང་མཁན་གྱི་རྒྱ་མི་རིགས་ཀྱི་ཤེས་ལྡན་གྲས་ཤིག་ཡིན་ཞིང་། ལོ་རྒྱུས་མཁས་དབང་དང་ཐེ་ཝན་གྱི་དབུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བགྲེས་པ་ཞིག་ཀྱང་རེད་འདུག་ལ། ཨ་རིའི་(Harvard)་དང་། (Yale)་གཙུག་ལག་སློབ་གྲྭའི་སློབ་དཔོན་དང་། (Princeton)་གཙུག་ལག་སློབ་གྲྭའི་མཚན་འཛིན་སློབ་དཔོན་ཡིན་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།