རྒྱ་ནག་གཞུང་གིས་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་གྲགས་ཅན་ཞིག་གི་ལག་འཁྱེར་ཕྱིར་བསྡུ་བྱས་འདུག
དེ་ཡང་ཕྱི་ལོ་༢༠༡༤་ལོར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་རྒྱ་རིགས་གྲགས་ཅན་(Xu Zhiyong)་ལ་ཁྲིམས་བཤེར་བྱས་སྐབས་ཁོང་གི་ཁྲིམས་རྩོད་པ་(Zhang Qingfang)་ཡིས་ཁྲིམས་ཁང་ནང་ངག་བཅད་ངོ་རྒོལ་ནང་མཉམ་ཞུགས་གནང་སྟབས། ཁོང་སྐད་གྲགས་ཆེན་པོར་གྱུར་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༩་ཚེས་༢༠་ཉིན་ཁོང་གི་ཁྲིམས་རྩོད་པའི་ལག་འཁྱེར་དེ་བཞིན་རྒྱལ་ས་པེ་ཅིང་གི་མི་དམངས་ཀྱི་ཁྲིམས་གཞིའི་ལས་དོན་ཁང་གིས་ཕྱིར་བསྡུ་བྱས་པའི་ཡིག་ཆ་ས་རྟགས་བརྒྱབ་ཡོད་པའི་འདྲ་བཤུས་ཤིག་ཁོང་གི་ཕྱག་རོགས་ཁྲིམས་རྩོད་པ་ཞིག་གིས་(X)་སྤྱི་ཚོགས་དྲྭ་རྒྱ་བརྒྱུད་ནས་འགྲེམས་སྤེལ་གནང་འདུག
ཡང་ཁོང་གི་ཁྲིམས་རྩོད་པའི་ལག་འཁྱེར་ཕྱིར་བསྡུ་བྱེད་དགོས་པའི་རྒྱུ་མཚན་བཤད་པའི་ནང་། རྒྱ་ནག་གཞུང་གིས་དཔྱད་ཞིབ་བྱས་པར་ཕྱི་ལོ་༢༠༢༤་ལོར་ཁོང་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་ཁྲིམས་དཔོན་གཞན་ཚོའི་ལས་འགན་འཁུར་ཕྱོགས་ལ་ཡང་ཡང་ཐེ་བྱུས་བྱས་ལུགས་དང་། གྱོད་གཞི་ཁག་གི་སྐོར་དྲྭ་རྒྱ་བརྒྱུད་ནས་འུར་ཤོབ་བཤད་ཚུལ་གྱིས་ཡིན་པ་(Zhang)་གྱིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་བཀོད་པའི་འདྲ་པར་དང་འདྲི་རྩད་ཀྱི་ཟིན་ཐོ་ཁག་ཀྱང་འགྲེམས་སྤེལ་བྱས་ཏེ་(Zhang)་ཡི་སྤྱོད་ཚུལ་དེ་དག་ནི་ཉེན་ཚབས་ཆེ་བ་དང་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་མ་ཟད། ཁྲིམས་ཀྱི་ལས་ཀ་བྱེད་མཁན་ཚོའི་འཆར་སྣང་ལ་ཡང་གནོད་སྐྱོན་ཚབས་ཆེ་གཏོང་རྒྱུ་ཡིན་པས། ང་ཚོས་འཛིན་སྐྱོང་ཐོག་ནས་ཉེས་ཆད་བཀལ་ཏེ་ཁྱེད་ནས་ཁྲིམས་རྩོད་བྱ་རྒྱུའི་ལག་ཁྱེར་དེ་ཕྱིར་བསྡུ་བྱས་པ་ཡིན་ཞེས་ཡི་གེའི་ནང་བཀོད་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༥་ལོར་ཁྲིམས་རྩོད་པའི་ཁེ་གཉེར་ལས་ཁང་ཁག་ལ་གློ་བུར་དུ་སྔོག་བཤེར་བྱས་ནས་མི་མང་པོ་སྡེབ་ལ་འཛིན་བཟུང་བྱས་པའི་རྗེས་སུ་ཁྲིམས་རྩོད་པ་(Zhang)་རྒྱ་ནག་གི་ཕྱི་ཕྱོགས་སུ་འགྲོ་བསྐྱོད་མི་ཆོག་པའི་དམ་དྲག་ཀྱང་བྱས་ཡོད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།