སྲིད་འཛིན་ཊམཔ་ཡི་རྒྱ་ནག་གི་རྒྱལ་དོན་འཚམས་གཟིགས་དབུ་བཙུགས་གནང་པ།

ཨ་རིའི་སྲིད་འཛིན་ཊམཔ་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ཚོང་དོན་དང་ཨི་རན་གྱི་དམག་འཁྲུག་སོགས་ཀྱི་ཐད་བཀའ་མོལ་གནང་རྒྱུ་ཡིན་པ།

ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༣ རེས་གཟའ་ལྷག་པའི་དགོང་དྲོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འབྱོར་སྐབས་རྒྱ་ནག་གཞུང་གིས་གནམ་ཐང་དུ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་ཅིང་། ཉིན་གཉིས་རིང་གི་རྒྱལ་དོན་འཚམས་གཟིགས་འདིའི་ཁྲོད་རྒྱ་ནག་གི་ཁྲོམ་རྭ་ཨ་རིའི་ཁེ་ལས་ལ་སྒོ་མོ་ཕྱེ་ཐུབ་པའི་རེ་སྐུལ་གནང་རྒྱུའི་གྲ་སྒྲིག་ཡོད་པ་རེད།

དེ་ཡང་རོའི་ཊརསི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བར། སྲིད་འཛིན་ཊམཔ་ལ་གནམ་ཐང་ནས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧན་ཀྲེང་གིས་ཕེབས་བསུ་ཞུས་ཡོད་པ་དང་། སློབ་མ་བརྒྱ་ལྷག་ཙམ་གྱིས་ཕེབས་བསུའི་རུ་སྒྲིག་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་རྒྱལ་དར་གཡུག་བཞིན་ཕེབས་བསུ་ཞུས་ཡོད་འདུག སྲིད་འཛིན་དང་ལྷན་དུ་ཎེཝི་ཌི་ཡ་ (Nvidia) ཡི་འགན་འཛིན་ཇེན་སེན་ཧོང་དང་ཨེ་ལོན་མཱ་སི་ཀ་སོགས་ཚོང་ལས་མི་སྣའི་སྐུ་ཚབ་ཚོགས་པ་ཞིག་ཀྱང་མཉམ་དུ་ཡོད་པས། དེ་ནི་རྒྱ་ནག་དང་ཚོང་གཉེར་གྱི་དཀའ་ངལ་སེལ་ཆེད་ཡིན་པ་བརྗོད་འདུག

ཚོང་དོན་དང་བདེ་འཇགས།

ཕྱི་ཚེས་ ༡༤ ཉིན་དངོས་སུ་ཨ་རིའི་སྲིད་འཛིན་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཞི་གཉིས་མཇལ་འཕྲད་ཀྱིས་གནད་དོན་མང་པོའི་ཐོག་བཀའ་མོལ་གནང་གི་ཡོད་པར་སྔོན་དཔག་ལྟར་ན། ཨ་རི་དང་རྒྱ་ནག་ཕན་ཚུན་གྱི་ཚོང་དོན། ཐའེ་ཝན་གྱི་གནད་དོན། མིས་བཟོས་རིག་ནུས་ (AI) དང་ལག་རྩལ་གྱི་ཚོད་འཛིན། དེ་བཞིན་ཨི་རན་གྱི་དམག་འཁྲུག་སོགས་ཀྱི་ཐོག་བཀའ་མོལ་གནང་སྲིད་པ་བརྗོད་བཞིན་འདུག

ཨ་རིའི་སྲིད་འཛིན་ཊམཔ་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ཚོང་དོན་དང་ཨི་རན་གྱི་དམག་འཁྲུག་སོགས་ཀྱི་ཐད་བཀའ་མོལ་གནང་རྒྱུ།
སྲིད་འཛིན་ཊམཔ་ཡི་རྒྱ་ནག་གི་རྒྱལ་དོན་འཚམས་གཟིགས་དབུ་བཙུགས་གནང་པ། ཨ་རིའི་སྲིད་འཛིན་ཊམཔ་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ཚོང་དོན་དང་ཨི་རན་གྱི་དམག་འཁྲུག་སོགས་ཀྱི་ཐད་བཀའ་མོལ་གནང་རྒྱུ། ༢༠༢༦།༥།༡༣ (Reuters)

སྲིད་འཛིན་ཊམཔ་པེ་ཅིན་དུ་མ་འབྱོར་གོང་ཨ་རིའི་ཚོང་དོན་སྐུ་ཚབ་ནོར་སྲིད་དྲུང་ཆེ་སིཀོཊི་བྷེ་སེནཊི་ (Scott Bessent) ཡིས་ལྷོ་ཀོ་རི་ཡའི་རྒྱལ་སྤྱིའི་གནམ་ཐང་དུ་རྒྱ་ནག་གི་སྲིད་བློན་གཞོན་པ་ཧོ་ལི་ཧྥེང་ (He Lifeng) དང་ལྷན་དུ་ཆུ་ཚོད་གསུམ་རིང་གྲ་སྒྲིག་གི་བཀའ་མོལ་གནང་ཡོད་འདུག་ལ། ཕྱོགས་གཉིས་ཀས་ཕྱི་ལོ་ ༢༠༢༥ ཟླ་ ༡༠ པར་བཞག་པའི་ཚོང་དོན་མཚམས་འཇོག་གི་གྲོས་མཐུན་དེ་མུ་མཐུད་གནས་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

ད་རེས་ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ལ་མ་འབྱོར་གོང་གི་ཉིན་ཤས་རིང་པེ་ཅིང་ནང་ཞིབ་བཤེར་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། སྲིད་འཛིན་ཊམཔ་རྒྱ་ནག་ཏུ་ཉིན་གཉིས་རིང་བཞུགས་རིང་ཡང་མི་དམངས་ཚོགས་ཁང་ཆེན་མོར་སྣེ་ལེན་འདུ་འཛོམས་དང་། ལོ་ངོ་ ༦༠༠ ལྷག་གི་ལོ་རྒྱུས་ཡོད་པའི་ཐན་དན་ཞེས་པའི་རྒྱ་ནག་གོང་མའི་མཆོད་འབུལ་བྱ་ཡུལ་གྱི་ལྷ་ཁང་ལ་གཟིགས་སྐོར་གནང་རྒྱུ་མ་ཟད། ད་དུང་རྒྱལ་དོན་གྱི་གསོལ་སྟོན་བཅས་ལ་མཉམ་ཞུགས་གནང་རྒྱུ་རེད་འདུག

བོད་མི་ཆབ་སྲིད་བཙོན་པ་གློད་བཀྲོལ་དགོས་པའི་རེ་སྐུལ།

ཨ་མི་རི་ཀའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ (CECC) ཀྱིས་སྲིད་འཛིན་ཊམཔ་ལ་ཕྱི་ཟླ་ ༥ ཚེས་ ༧ ཉིན་ཕྱག་བྲིས་ཤིག་ཕུལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་པའི་སྐབས། ཨ་རིའི་མི་སེར་གཉིས་དང་ཆབ་སྲིད་བཙོན་པ་ ༢༡ གློད་བཀྲོལ་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་ཡིག་དང་ཐོ་གཞུང་ཞིག་ཕུལ་བའི་ནང་། ཕྱི་ལོ་ ༢༠༢༤ ཟླ་ ༡༢ ནང་འཛིན་བཟུང་དོ་དམ་བྱས་པའི་ཧོར་གཙང་ཀིརྟི་དགོན་པའི་འགན་འཛིན་ལས་ཚབ་དཀོན་མཆོག་ཆོས་གྲགས་ལགས་དང་། བོད་མི་རྩོམ་པ་པོ་གྲགས་ཅན་དང་ནང་བསྟན་ཤེས་ཡོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས། ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་པའི་མིང་ཐོག་ནས་ཚེ་བཙོན་གྱི་ཉེས་ཆད་བཀལ་བ་རྡོ་རྗེ་བཀྲིས་ལགས་བཅས་བོད་མི་ཆབ་སྲིད་བཙོན་པ་གསུམ་གྱི་མཚན་ཡང་བཀོད་གནང་འདུག

བོད་ནང་གི་བོད་མིས་དོ་སྣང་གནང་བཞིན་པ།

བོད་ནང་གི་སྤྱི་ཚོགས་དྲ་རྒྱའི་ཐོག་ནས་དོ་སྣང་བྱུང་བར། བོད་ནང་གི་བོད་མི་ཚོས་ཨ་རིའི་སྲིད་འཛིན་གྱི་འཚམས་གཟིགས་འདིར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ད་རེས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ནས་སྲིད་འཛིན་ཊམཔ་ཡི་གནམ་གྲུས་པེ་ཅིང་དུ་འབྱོར་བ་ནས་ཕེབས་བསུ་ཞུས་པའི་གནས་ཚུལ་ཁག་དྲ་ལམ་ཐོག་ཐད་གཏོང་བྱས་པར་དོ་སྣང་བྱེད་མཁན་མང་པོ་ཡོད་པ་བརྗོད་མཁན་བྱུང་།

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་གཞོན་པ་མ་ཡ་ཝང་ལགས་ཀྱིས། ད་རེས་ཀྱི་གྲོས་མོལ་འདི་ནི་ཚོང་དོན་དང་བདེ་འཇགས་ཀྱི་གནད་དོན་གཙོ་བོར་འཛིན་རྒྱུ་ཡིན་པས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་གནད་དུ་འགྱུར་རྒྱུའི་རེ་བ་དེ་ཙམ་མེད་ཀྱང་། དེ་སྔ་ཁས་ལེན་གནང་པ་ལྟར་འཇི་མི་ལཡེ་དང་། ཆོས་དཔོན་ཅིན་གྱི་གནད་དོན་དེ་ཚོ་ཡང་ངེས་པར་དུ་གླེང་དགོས་པ་རེད་ཅེས་གསུངས་འདུག

སྲིད་འཛིན་ཊམཔ་རྒྱ་ནག་ཏུ་མ་ཕེབས་གོང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་གཞུང་འབྲེལ་མིན་པའི་ཚོགས་པ། མི་སྒེར་སོགས་ཕྱོགས་མང་པོས་རྒྱ་ནག་གི་དཔོན་རིགས་ལ་བོད་དོན་གླེང་སློང་ཡོང་བའི་འབོད་སྐུལ་ཞུ་མཁན་བྱུང་ཡོད་ལ། རྒྱལ་སྤྱི་ཚོགས་སྡེ་ཁག་ནས་ཀྱང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་ཐོག་དོ་ཁུར་ཡོང་བའི་འབོད་སྐུལ་ཞུ་མཁན་ཡང་བྱུང་ཡོད་པ་རེད།།

ཁ་སྣོན།ཿ བོད་ཀྱི་ཆབ་སྲིད་བཙོན་པ་གསུམ་མིང་འདོན་བྱས་པའི་སྐོར། ༢༠༢༦།༥།༡༣

ཁ་སྣོན་གསར་འགོད། ནོར་སྡེ་སྒྲོལ་མ་དང་། བཀྲ་དབང་།

པར་རིས་དང་བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།