རྒྱ་ནག་གཞུང་གིས་དམུ་དགེ་དགོན་པ་ནས་ཕྱིར་ཕུད་ཀྱིས་གཞུང་གཉེར་སློབ་གྲྭར་གཏོང་བཞིན་པའི་གྲྭ་ཆུང་ ༥ ཡིས་རང་ཤི་རྒྱག་ཐབས་བྱས་འདུག

2024.09.05
རྒྱ་ནག་གཞུང་གིས་དམུ་དགེ་དགོན་པ་ནས་ཕྱིར་ཕུད་ཀྱིས་གཞུང་གཉེར་སློབ་གྲྭར་གཏོང་བཞིན་པའི་གྲྭ་ཆུང་ ༥ ཡིས་རང་ཤི་རྒྱག་ཐབས་བྱས་འདུག རང་ཤི་རྒྱབ་གྲབ་བྱེད་པའི་དམུ་དགེ་དགོན་གྱི་གྲྭ་ཆུང་ཁག་ཅིག ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༣-༤
པར །ཿ མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ནང་བོད་མདོ་སྨད་རྔ་པ་ཁུལ་ཟུང་ཆུ་རྫོང་གི་དམུ་དགེ་དགོན་པའི་གྲྭ་ཆུང་ཚོ་དགོན་པ་ནང་སྡོད་མ་བཅུག་པར་བཙན་ཐབས་ཀྱིས་ཕྱིར་ཕུད་བྱེད་རྒྱུ་འགོ་བཙུགས་ཏེ། ཕྱི་ཟླ་ ༩ ནང་ཉེ་འཁོར་དམུ་དགེ་གྲོང་རྡལ་གྱི་ས་གནས་གཞུང་གཉེར་སློབ་གྲྭ་ཞིག་ཏུ་བཅུག་སྟེ་བཙན་ཐབས་ཀྱིས་ཆབ་སྲིད་སློབ་གསོ་སྤྲོད་པ་དང་། ཟ་མ་ཡག་པོ་མི་སྤྲོད་པར་བཅར་རྡུང་སོགས་བྱས་རྐྱེན། ས་གནས་དེའི་གྲྭ་ཆུང་ ༥ ཡིས་སློབ་གྲྭར་སྡོད་བཟོད་མ་ཐུབ་པར། ཉེ་འཁོར་ཟུང་ཆུ་རྫོང་གི་ཟུང་ཆུ་གཙང་པོའི་ནང་རང་ཤི་རྒྱག་ཐབས་བྱས་པར། ས་གནས་ཡུལ་མི་ཚོས་ཤེས་རྟོགས་བྱུང་སྟེ་བཀག་འགོག་བྱས་འདུག སྐབས་དེར་ས་གནས་ཡུལ་མིས་གྲྭ་ཆུང་ཚོ་རང་ཤི་བརྒྱབ་མི་བཅུག་པར་བཀག་འགོག་བྱས་ཡོད་པ་ཕྱི་ཟླ་ ༩ ཚེས་ ༥ ཉིན་རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ།   འདི་ག་རླུང་འཕྲིན་ཁང་དུ་ལག་སོན་བྱུང་བའི་བརྙན་ཐུང་ཞིག་གི་ནང་དུའང་ས་གནས་བོད་མི་གཞན་ཞིག་གིས་གྲྭ་ཆུང་དེ་དག་ཟུང་ཆུ་གཙང་པོར་མཆོང་གྲབ་བྱས་པ་མཐོང་སྟེ་བཀག་འགོག་བྱས་པ་ཡིན་ཞེས་བརྗོད་འདུག   

གནས་ཚུལ་འདི་དག་མ་བྱུང་གོང་།  ཕྱི་ཟླ་ ༧ ནང་རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་ཟུང་ཆུ་རྫོང་གི་དམུ་དགེ་དགོན་པར་སླེབས་ཏེ་དགོན་པའི་ལས་སྣེར་དགེ་འདུན་པ་ལོ་ཆུང་རྣམས་ལ་རྒྱ་ནག་གཞུང་གི་གཏན་འབེབས་བྱས་པའི་རང་ལོ་ ༦ ནས་དུས་ཡུན་ལོ་ ༩ ཡི་རིང་གི་འོས་འགན་སློབ་གསོ་འགྲིམས་དགོས་པ་དེ་བྱུང་མེད་སྐོར་བརྗོད་དེ་ཕྱིར་ཕུད་གཏོང་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད་འདུག

Photo 1_Muge Monastery_Undated image.jpeg
མདོ་སྨད་ཟུང་ཆུ་རྫོང་གི་དམུ་དགེ་དགོན། ཚེས་གྲངས་གསལ་ཁ་མེད་པ། པར། ཿ མི་སེར་གྱི་འདྲ་པར།

ཡང་འབྲེལ་ཡོད་གཅིག་གིས་བྱིས་པ་དེ་དག་ནི་ལོ་ན་ ༡༣ ནས་ ༡༤ ཙམ་ཡིན་པ་བརྗོད་བྱུང་ལ།  སྤྱིར་རྒྱ་ནག་གཞུང་གིས་ཟུང་ཆུ་རྫོང་གི་དམུ་དགེ་དགོན་པ་ཙམ་མིན་པར། ཉེ་འདབས་ཀྱི་སེར་པོ་དགོན་པ་དང་། བྲག་རྭ་དགོན་པ་སོགས་སུ་ཡང་གྲངས་འབོར་མང་ཉུང་ལ་མི་བལྟོས་པར་གྲྭ་ཆུང་ཚོར། འོས་འགན་སློབ་གསོ་མྱོང་དགོས་སྐོར་བརྗོད་དེ་རྒྱ་ནག་གཞུང་གཉེར་སློབ་གྲྭ་ཁག་ཏུ་བཙན་ཐབས་ཀྱིས་གཏོང་བཞིན་ཡོད་སྐོར་ཡང་བརྗོད་བྱུང་།  ད་ལྟའི་ཆར་གྲྭ་ཆུང་ཚོའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་དང་སློབ་གྲྭར་ཕྱིར་ལོག་བྱེད་ཡོད་མེད།  དམུ་དགེ་དགོན་དང་། སེར་པོ་དགོན། བྲག་རྭ་དགོན་ནས་དགེ་འདུན་པ་ཇི་ཙམ་ཕྱིར་ཕུད་བཏང་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་།   འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་བརྗོད་པར་གཞིགས་ན།   དགེ་འདུན་པ་མང་པོ་ཞིག་ཕྱིར་ཕུད་བཏང་ཡོད་པ་འགྲེལ་བརྗོད་གནང་བྱུང་། 

བརྙན་ཐུང་ལག་སོན་བྱུང་པའི་ནང་།  གྲྭ་ཆུང་ཚོས་ངུ་ངག་དང་བཅས་ཁོང་ཚོར་སློབ་གྲྭའི་ནང་བཙོན་ཁང་བཞིན་དུ་སྡུག་སྦྱོང་བཏང་པ་མ་ཟད། མཐའ་ན་ལུས་ཁམས་མི་བདེ་བར་གྱུར་བའི་སྐབས།  སྨན་བཟའ་ཆེད་འཐུང་ཆུ་ཡང་མི་སྤྲོད་པའི་ཁར།  གཅར་རྡུང་བྱས་ཏེ་སྡོད་བཟོད་མེད་པ་བཟོས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག་པ་དང་།   འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་ཐུང་གཞན་ཞིག་ལག་སོན་བྱུང་པའི་ནང་དུའང་།  བོད་མི་ཞིག་གིས་བརྙན་ལེན་ཞོར་དུ། གྲྭ་ཆུང་འདི་དག་ལ་སློབ་གྲྭ་ནས་ཡག་པོ་མི་བྱེད་པར། བཙོན་ཁང་ནང་བཞིན་བྱས་ཏེ་སྡོད་མི་བཅུག་པས་ཆུ་ནང་མཆོང་སྟེ་རང་ཤི་རྒྱག་རྒྱུ་ཡིན་སྐོར་གཤོད་བཞིན་པ་མངོན་རྒྱུ་འདུག 

དམུ་དགེ་དགོན་ནི་རྒྱ་ནག་གཞུང་གིས་དབྱེས་པའི་སི་ཁྲོན་ཞིང་ཆེན་ཟེར་བའི་རྔ་པ་ཁུལ་ཟུང་ཆུ་རྫོང་གི་ཁོངས་སུ་གཏོགས་པ་དང་། རྗེ་བློ་བཟང་གྲགས་པའི་དངོས་སློབ་མཁན་ཆེན་ངག་དབང་གྲགས་པ་མཆོག་གིས་ཕྱི་ལོ་ ༡༣༩༩ ཕྱག་བཏབ་སྟེ། ད་བར་མི་ལོ་ ༦༠༠ ལྷག་གི་ལོ་རྒྱུས་ཡོད་པའི་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ཞེས་གྲགས་པ་དང་།  ཕྱི་ལོ་ ༢༠༡༢ ལོར་གྲྭ་མང་གིས་ངོ་རྒོལ་བྱས་རྐྱེན།  ཕྱི་ལོ་ ༢༠༡༤ བར་རྒྱ་ནག་གཞུང་གིས་དགོན་པ་དེའི་ནང་ཉེན་རྟོག་པ་ཆེད་འཛུགས་བྱས་པ་དང་འབྲེལ། དམ་དྲག་དང་ལྟ་རྟོགས་ཤུགས་ཆེ་བྱས་པ་མ་ཟད། རྗེས་སུ་དགོན་པ་དེར་གྲྭ་རྒྱུན་གསར་ཞུགས་མི་ཆོག་པའི་བཀག་བསྡོམས་བྱས་འདུག་ལ། ད་ལྟའི་ཆར་དམུ་དགེ་དགོན་ལ་ཁྱོན་དགེ་འདུན་པ་ ༣༠༠ ལྷག་ཙམ་ཡོད་པའི་ཚོད་དཔག་གནང་གི་འདུག

གསར་འགོད་པ། བཀྲིས་དབང་ཕྱུག  
རྩོམ་སྒྲིག་པ།  བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ།  བསྟན་འཛིན་པདྨ།  བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན།  པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
གཏོང་ལེན་སློབ་གྲྭའི་ཐོག་མའི་དམིགས་ཡུལ་ལྟར་དུ་པིང་ཀི་ལགས་ནས་ཀྱང་མ་འོངས་དབུལ་ཕོངས་ཀྱི་སྤྱི་ཚོགས་སུ་རོགས་རམ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎