རྒྱ་ནག་གིས་གྲངས་ཉུང་མི་རིཊ་ཐོག་འཛིན་པའི་སྲིད་བྱུས་ལ་ཐུགས་འཚབ་གསལ་སྟོན།

ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་མ་ཕེབས་གོང་རྒྱ་ནག་གིས་གྲང་ཉུང་མི་རིགས་ཐོག་སྲིད་ཇུས་ཐད་ལ་ཐུགས་འཚབ་ཡོད་སྐོར་ཕོ་བྲང་དཀར་པོས་གསུངས་པ།

ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་མ་ཕེབས་གོང་རྒྱ་ནག་གིས་གྲང་ཉུང་མི་རིགས་ཐོག་སྲིད་ཇུས་ཐད་ལ་ཐུགས་འཚབ་ཡོད་སྐོར་ཕོ་བྲང་དཀར་པོས་གསུངས་པ།

ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་ཕིང་གཉིས་ཀྱི་མཇལ་འཕྲད་མ་བྱུང་སྔོན་ཕོ་བྲང་དཀར་པོས་རྒྱ་ནག་གིས་ཆོས་ལུགས་དང་གྲང་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ཐད་ཨ་རིའི་ཐུགས་འཚབ་ཡོད་པ་ནན་བརྗོད་གནང་སོང་།

དེ་ཡང་ཕོ་བྲང་དཀར་པོས་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་ངལ་རྩོལ་སྐུལ་བ་དང་། རྒྱལ་མཚམས་བརྒལ་བའི་དྲག་གནོན། དེ་བཞིན་ཤིང་ཅང་གི་ཡུ་གུར་དང་གྲངས་ཉུང་མི་རིགས་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་ཨ་རིའི་གཞུང་གིས་ཐུགས་འཚབ་ཡོད་ཅེས་ཨ་རིའི་ཕོ་བྲང་དཀར་པོའི་འབྲེལ་ཡོད་ལས་ཁུངས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱབ་ལྗོངས་ཀྱི་ཚུལ་དུ་ཡིག་ཐོག་ལན་འདེབས་གནང་པའི་ནང་གསུངས་འདུག

བོད་ནང་གི་བོད་མི་ཚོས་ཀྱང་ཨ་རིའི་སྲིད་འཛིན་ལ་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་སྐབས་བོད་དོན་གལ་ཆེན་ཞིག་ཏུ་འཛིན་དགོས་པའི་འབོད་སྐུལ་གནང་གི་འདུག

སྲིད་འཛིན་ཊམཔ་རྒྱ་ནག་ལ་ཕེབས་ཐོན། ཞི་ཅིན་ཕིང་དང་མཉམ་བཟང་ཕྱོགས་ཀྱི་བཀའ་མོལ་མང་པོ་ཡོང་གི་རེད་ཅེས་གསུངས་པ།

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྒྱུད་བོད་ནང་ནས་བོད་མི་ཁག་ཅིག་གིས་སྲིད་འཛིན་ཊམཔ་མཆོག་ལ་ཕུལ་བའི་ཞུ་སྐུལ་བརྡ་ལན་གི་ནང་ “བོད་ཀྱི་ཆོས་དང་སྐད་ཡིག་བཅས་བོད་པའི་ངོ་བོ་སྲུང་སྐྱོབ་དགོས་པར་གལ་ཆེར་སོང་འདིའི་ཐོག་ལ་བཀའ་མོལ་གནང་དགོས་” པའི་རེ་འདུན་བཏོན་གྱི་འདུག་ལ། “རྒྱ་ནག་གིས་ལོ་ངོ་ ༧༠ རིང་དྲག་གནོན་བྱས་ཀྱང་བོད་མིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་སྟངས་དང་བོད་མིའི་རང་དབང་གི་སྙིང་སྟོབས་ལ་འགྱུར་བ་གཏོང་ཐུབ་མེད། རང་ལུས་མེར་སྲེགས་གཏོང་མཁན་ཚོའི་དམིགས་ཡུལ་ལ་ཡང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་ཡིན་” ཞེས་གསུངས་བྱུང་།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་གིས་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་འོག་ཆོས་ལུགས་ཀྱིས་རང་དབང་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་བོད་མི་ནང་པ་དང་ཡུ་གུར་ཁ་ཆེ་བ་ཚུད་པའི་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་ཕྱི་ཚེས་ ༡༡ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་གསལ་སྟོན་གནང་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་འབྲེལ་བ་ཞུས་ཏེ། བོད་དང་། ཡུ་གུར། གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་པ་སྲིད་འཛིན་གཉིས་ཀྱི་བཀའ་མོལ་གྱི་གྲོས་གཞིར་ཐོག་འཇོག་ཡོད་མེད་བཀའ་འདྲི་ཞུས་པར་དམིགས་བསལ་ལན་འདེབས་གནང་མེད།

ད་རེས་དབུ་ཁྲིད་གཉིས་དབར་གྱི་མཇལ་འཕྲད་གནང་ལ་ཉེ་བའི་དུས་འདིར། སྲིད་འཛིན་ཊམཔ་མཆོག་གིས་བོད་དང་འབྲེལ་བའི་གནད་དོན་གླེང་སློང་གནང་མིན་ཁ་གསལ་མེད་པ་རེད། སྲིད་འཛིམ་ཊམཔ་མཆོག་རྒྱ་ནག་ལ་ཕེབས་རྒྱུ་འདི་ནི་ཨ་རིའི་སྲིད་འཛིན་ཞིག་གིས་ལོ་བཅུ་ཕྲག་གཅིག་གི་ནང་རྒྱ་ནག་ལ་འཚམས་གཟིགས་གནང་རྒྱུ་ཐོག་མ་དང་། ༢༠༡༧ གྱི་རྗེས་སུ་དང་པོ་དེ་ཆགས་རྒྱུ་ཡིན་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།