ཐའེ་པེ་རུ་ཨ་རིའི་རང་བཙན་གྱི་ལོ་ ༢༥༠ འཁོར་བའི་དུས་ཆེན་སྲུང་བརྩིའི་སྐབས་ཐའེ་ཝན་གྱི་སྲིད་འཛིན་དང་ལྷན་བོད་མིའི་སྐུ་ཚབ་ཀྱིས་མཉམ་ཞུགས་གནང་པ།
ཨ་རིའི་རང་བཙན་གྱི་ལོ་ ༢༥༠ འཁོར་བའི་མཛད་སྒོ་ཞིག་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་ཐའེ་ཝན་རྒྱལ་ས་ཐའེ་པེར་རྟེན་གཞི་བྱས་པའི་ཐའེ་ཝན་ཨ་མི་རི་ཀའི་བསྟི་གནས་ཁང་ངམ་ཨ་རིའི་གཞུང་ཚབ་ཀྱི་དོན་བྱེད་ལས་ཁུངས་ཀྱིས་མགྲོན་འབོད་གནང་པ་ལྟར། ཐའེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེ་ (Lai Ching-te) སྐུ་མགྲོན་གཙོ་གྲས་སུ་ཕེབས་པའི་མཛད་སྒོ་དེའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་མཉམ་ཞུགས་གནང་འདུག་ཅིང་། སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། ད་རེས་ཨ་རིའི་རང་བཙན་གྱི་ལོ་ ༢༥༠ འཁོར་བའི་མཛད་སྒོར་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དང་གཅིག་མཚུངས་ཀྱིས་མགྲོན་འབོད་གནང་བ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ཐའེ་ཝན་སྐུ་ཚབ་དོན་ཁང་གི་འཐུས་མི་བཅར་ཐུབ་པ་བྱུང་སྐབས། ཕྱི་རྒྱལ་གྱི་གཞུང་ཚབ་པ་མང་པོ་ཞིག་དང་ལྷན་ཕན་ཚུན་ངོ་སྤྲོད་ཀྱི་འབྲེལ་གཏུག་ཐུབ་པ་བྱུང་ཡོད་པ། ཐའེ་ལྦན་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཕྱི་ཟླ་ ༥ ཚེས་ ༢༧ གྱི་དགོང་མོ་ཚོགས་པའི་ཨ་རིའི་དུས་ཆེན་གྱི་མཛད་སྒོའི་ཐོག་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ཕྱི་སྲིད་བློན་ཆེན། རྒྱལ་སྲུང་བློན་ཆེན། དེ་བཞིན་ཐའེ་གཞུང་འཛིན་དང་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འཐུས་མི། དེ་བཞིན་ཐའེ་དུ་ཡོད་པའི་ཕྱི་རྒྱལ་ཁག་གི་ཕྱི་འབྲེལ་སྐུ་ཚབ་ལས་ཁུངས་ཀྱི་གནས་ཡོད་མི་སྣ་མང་དག་ཅིག་ཀྱང་ཕེབས་ཡོད་པ་རེད།

ཐའེ་ཝན་དང་ཨ་རི། ཨ་རི་དང་བོད། བོད་དང་ཐའེ་བཅས་དབར་གྱི་ཕྱི་འབྲེལ་གྱི་འབྲེལ་བ་དང་ཕྱོགས་ཕན་ཚུན་གྱི་དབར་ལ་མང་གཙོའི་ལམ་ལུགས་དང་འཕེལ་རིམ་ལ་རྒྱབ་སྐྱོར་གནང་གི་ཡོད་ཅིང་། ཨ་རིའི་གཞུང་ཕྱོགས་ནས་བོད་དང་འབྲེལ་བའི་ཁྲིམས་ཡིག་ཁག་ཅིག་གཏན་འབེབས་ཀྱིས་བོད་དོན་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་གི་ཡོད་པའི་ཐོག ཉེ་ལམ་ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་སྲིད་གཞུང་གིས་བསྐོ་འཛུགས་གནང་པའི་ཨ་རིའི་གཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་མཆོག་གིས་སྔ་རྗེས་བསྒྲགས་གཏམ་སྤེལ་ཏེ་བོད་མིའི་འཐབ་རྩོད་དང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་ཡོད་པ་རེད།

ཉིན་ཤས་གོང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་སྲིད་སྐྱོང་དུ་བསྐྱར་དུ་འོས་འདེམས་བྱུང་པར་ཨ་རིའི་གཞུང་ཕྱོགས་ནས་དགའ་བསུ་ཞུས་ཡོད་ལ། ཐའེ་ཝན་གཞུང་ཕྱོགས་ནས་ཀྱང་ཕྱི་སྲིད་བློན་ཆེན་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་འཚམས་འདྲི་ཞུས་ཡོད་པ་རེད།

ཐའེ་ཝན་གཞུང་ཕྱོགས་ནས་མཚོན་ན། ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ ལིན་ཆའེ་ལུང་ Lin Chia-lung གིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་སླར་ཡང་འོས་འདེམས་བྱུང་པའི་སྐབས་ ༡༧ བཀའ་ཤག་གི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་ཡོད་ཅིང་། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༦ སྟེ་སྲིད་སྐྱོང་གི་དམ་འབུལ་མཛད་སྒོའི་ཉིན་གཅིག་གི་གོང་ལ་ཕྱག་བྲིས་ཤིག་གནང་པའི་ནང་། ཕྱི་སྲིད་བློན་ཆེན་ལིན་གྱིས། སྲིད་སྐྱོང་མཆོག་སླར་ཡང་འོས་འདེམས་བྱུང་པ་ནི། འོས་བསྡུའི་ཁྲོད་མི་མང་གི་བཀའ་ལུང་བསྐྱར་གསོ་གནང་པ་ནི་བོད་མི་མང་གིས་ཁོང་གི་འགོ་ཁྲིད་ལ་ཡིད་ཆེས་དང་རེ་བ་མཚོན་པ་ཞིག་ཡིན་ཞེས་གསུངས་ཡོད།
འཕྲིན་ཡིག་ནང་ད་དུང་། “བོད་མི་མང་གི་སྙིང་སྟོབས་དང་ཐག་གཅོད་ལ་ཐའེ་ཝན་གྱིས་དགའ་བསུ་ཞུ་གི་ཡོད། ཁྱེད་ཚོས་རང་དབང་དང་། མིའི་ཆེ་མཐོང་། བོད་ཀྱི་རིག་གཞུང་གཅེས་ནོར་གཅེས་འཛིན་བྱེད་པའི་ཆོད་སེམས་ལ་ང་ཚོས་བསྔགས་བརྗོད་ཞུ་གི་ཡོད། ཐའེ་ཝན་གཞུང་གིས་མ་འོངས་པར་མཛའ་མཐུན་དང་ཕན་ཚུན་གོ་ཤེས་མཉམ་འབྲེལ་གྱི་གོ་སྐབས་གསར་པ་བསྐྲུན་རྒྱུར་རེ་བ་ཆེན་པོ་ཞུ་གི་ཡོད།” ཅེས་འཁོད་འདུག
ཐའེ་ཝན་གཞུང་གིས་རྒྱ་ནག་ལ་བརྡ་ལན།
ཐའེ་ལྦན་ལྟ་བུ་རྒྱ་ནག་གི་སྡིགས་ར་དང་བཙན་འཛུལ་བྱེད་པའི་ཉེན་ཁའི་འོག་ཡོད་ཀྱང་། ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དམ་འབུལ་དང་འབྲེལ་འཚམས་འདྲི་ཞུས་ཡོད་པ་དེས། རྒྱ་ནག་ལ་ཆབ་སྲིད་ཀྱི་བརྡ་ལན་གསལ་པོ་ཞེ་དྲགས་ཆགས་ཡོད་པ་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གསར་འཛུགས་གནང་མཁན་དང་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
དེ་ཡང་བཀྲ་ཤིས་ཚེ་རིང་ལགས་ཀྱིས། ཐའེ་ལྦན་ལྟ་བུ་རྒྱ་ནག་གི་སྡིགས་ར་འོག་ལ་ཡོད་ཀྱང་། ༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་དེར། ཨ་རི་གཙོ་བོར་གྱུར་བའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་གསལ་པོར་རྟོགས་ཐུབ་ལ། ལྷག་པར་ཐེངས་འདིར་ཐེ་ལྦན་གྱི་ཕྱི་སྲིད་བློན་ཆེན་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དམ་འབུལ་དང་འབྲེལ་འཚམས་འདྲི་ཞུས་ཡོད་པ་དེས། རྒྱ་ནག་ལ་བརྡ་ལན་གསལ་པོ་ཞེ་དྲགས་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཐའེ་ཝན་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཝ་པེ་ཡི་ (Wu Pei-yi) ལགས་ཀྱིས་འཚམས་འདྲི་ཞུས་པའི་འཕྲིན་ཡིག་ནང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལས་ཡུན་རིང་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་ཞུ་གཏུག་ཐོག་རྒྱུན་ཆད་མེད་པར་ཕྱག་ལས་གནང་ཡོད་ཅིང་། རྒྱལ་སྤྱིའི་ཁྲོད་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པ་བསྐྱར་ནན་གནང་པ་དང་། བོད་ཀྱི་གནད་དོན་དེ་དྲང་བདེན་ཐོག་སེལ་དགོས་པའི་འབོད་སྐུལ་ཞུས་ཡོད་པས། ཁོང་བསྐྱར་འདེམས་བྱུང་བ་དེས་བོད་མི་ཡོངས་ཀྱིས་ཁོང་གི་འགོ་ཁྲིད་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་ཐུབ་པ་མ་ཟད། བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་གྱི་ཁྲོད་ཡར་རྒྱས་ཀྱི་རྣམ་པ་མཚོན་གྱི་ཡོད་ཅེས་གསུངས་འདུག་ལ། ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཐའེ་ཝན་དང་བོད་མིའི་སྒྲིག་འཛུགས་དབར་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་། རིག་གཞུང་ཉར་ཚགས་དང་ཤེས་ཡོན་བརྗེ་ལེན། རྒྱལ་སྤྱིའི་འབྲེལ་མཐུད་སོགས་ཀྱི་ཐོག་ནས་མཉམ་ལས་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་འཁོད་ཡོད་པ་རེད་འདུག་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་ཡུན་རིང་ལམ་ལྷོངས་དང་། བོད་མིའི་བདེ་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ལ་ཡར་རྒྱས། བོད་ལ་རང་དབང་མྱུར་དུ་ཐོབ་པའི་སྨོན་འདུན་ཞུས་གནང་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༩༧ ལོར་ཐའེ་ཝན་དུ་ཆིབས་སྒྱུར་ཐོག་མར་བསྐྱངས་པ་ནས་བཟུང་ཐའེ་ཝན་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབར་ལ་འབྲེལ་བ་དམ་ཟབ་ཏུ་སོང་ཡོད་ལ། ཐའེ་ཝན་ནང་སྐུ་ཚབ་དོན་གཅོད་གསར་འཛུགས་གནང་པ་བྱུང་ཡོད་ལ། ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༠ ཉིན་ཐའེ་ཝན་གྱི་སྐབས་ ༡༦ པའི་སྲིད་འཛིན་གསར་པ་ལའེ་ཆིང་ཏེ་ Lai Ching-te མཆོག་དང་། སྲིད་འཛིན་གཞོན་པ་ལྕམ་ Hsiao Bi-Khim གཉིས་ཀྱིས་ལས་འཁུར་དམ་འབུལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་པ་མ་ཟད། ཆེད་དུ་གདན་ཞུ་གནང་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་སྐུ་ཚབ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་བཅས་ཀྱིས་སྣེ་ཁྲིད་པའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དངོས་སུ་ཕེབས་པ་ཡང་བྱུང་ཡོད་པ་རེད།
ལྡི་ལིར་ཨ་རིའི་རང་བཙན་གྱི་ལོ་ ༢༥༠ མཛད་སྒོ

དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིར་ཨ་རིའི་རང་བཙན་ཐོབ་ནས་ལོ་ ༢༥༠ འཁོར་བའི་སྲུང་བརྩིའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། ལྡི་ལི་དོན་ཁང་གི་དྲུང་ཆེ་བཀྲིས་བདེ་སྐྱིད་ལགས་བཅས་མགྲོན་འབོད་གནང་བ་ལྟར་ཆེད་བཅར་གནང་ཡོད་པ་རེད་ལ། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་འཇེམསི་མེཀ་གྷོ་ཝརཎ་ (Jim McGovern) ལགས་དང་། མཡེ་ཀལ་མེཀ་ཀོལ་ (Michael McCaul) ལགས་རྣམ་གཉིས་ཀྱིས་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བཏོན་པའི་ཁྲིམས་འཆར་གསར་པ་ H.R. 8982 འདིས་དབུས་བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ངོས་འཛིན་ཞུས་ཐོག་སྲིད་སྐྱོང་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཆེ་མཐོང་གོང་མཐོར་གཏོང་རྒྱུའི་ཆ་རྐྱེན་འདོན་གྱི་ཡོད་པ་དང་། ༢༠༢༦ མ་འོངས་བོད་ཀྱི་འགན་ལེན་ཁྲིམས་འཆར་(Assuring the Future of Tibet Act of 2026) དེའི་ནང་ཨ་རིའི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་གནང་ཕྱོགས་ལ་གཞི་རིམ་གྱི་ཐོག་ནས་འགྱུར་བ་གཏང་རྒྱུ་དང་། ཨ་རིས་བོད་མི་མང་ལ་རྒྱུན་མཐུད་དེ་རྒྱབ་སྐྱོར་གནང་དགོས་པ་འདི་གཙོ་བོར་གླེང་ཡོད་པ་རེད། “ང་ཚོས་ཨ་རིའི་གཞུང་ལ་བོད་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་མུ་མཐུད་བྱེད་པའི་བདག་དབང་དང་ཆ་རྐྱེན་དུ་བསྐྲུན་རྒྱུར་ཤུགས་གནོན་རྒྱག་དགོས་པ་མ་ཟད་དབུས་བོད་མིའི་སྒྲིག་འཛུགས་དེ་བཞིན་བོད་མི་མང་གི་ཁྲིམས་མཐུན་དང་མང་གཙོ་ཡང་དག་པའི་ལམ་ལུགས་འོག་ནས་འོས་འདེམས་བྱས་པའི་བོད་མི་མང་གི་སྐུ་ཚབ་མཚོན་གྱི་ཡོད་པའི་ཆ་ནས་རྒྱབ་སྐྱོར་བྱ་རྒྱུ་དགོས་གལ་ཆེན་པོར་བརྩིས་ཀྱི་ཡོད་”ཅེས་ཁྲིམས་འཆར་འདོན་མཁན་གྲོས་ཚོགས་འོག་མའི་འཐུས་མི་ཇེམསི་མེཀ་གྷོ་ཝརཎ་ (Jim McGovern) ལགས་ཀྱིས་ཕྱི་ཚེས་ ༢༦ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་གསུངས་འདུག
ཁ་སྣོན།ཿ བཀྲིས་ཚེ་རིང་ལགས་ཀྱི་བསམ་ཚུལ་ཁ་སྣོན་ཞུས། ༢༠༢༦།༥།༣༠ ཚོུད་ ༡༡།༣༠
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
