འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། དམངས་གཙོ་དང་རང་དབང་རྩོད་ལེན་གནང་མཁན་གྱི་འདུ་འཛོམས་ཆེ་ཤོས་ཁོངས་ནས་ནོར་ཝེ་རྒྱལ་སར་ཨོསི་ལོ་རང་དབང་གི་གླེང་སྟེགས་ཐོག་རི་ཅརཌི་གྷི་ཡར་ལགས་ཀྱིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་དོན་དྲིལ་བསྒྲགས་དང་དངོས་ཤུགས་བརྒྱུད་གསུམ་ནས་ལས་དོན་བརྩམས་པ་དང་རྒྱབ་སྐྱོར་གནང་བར་ངོས་འཛིན་གྱིས། རི་ཅརཌི་གྷི་ཡར་ལགས་ལ་ཝསི་ལབ་ཧ་ཝེལ་རྒྱལ་སྤྱིའི་གསར་གཏོད་ཀྱི་གཟེངས་རྟགས་དེ་ཕུལ་གནང་འདུག
ཁོང་གིས་ ༡༩༩༣ ལོར་ཧོ་ལི་ཝུཌ་གློག་བརྙན་སྒྱུ་རྩལ་བའི་སྤྱི་ཚོགས་ཁྲོད་སོ་སོའི་ལས་རིགས་ཀྱི་མཚན་སྙན་ཚད་མཐོ་ཤོས་ལ་སླེབས་པའི་སྐབས་ཨ་རིའི་ཨོ་ཀེ་ཌི་མི་རྟགས་མའི་བྱ་དགའི་དུས་སྟོན་གི་སྡིངས་ཆའི་སྟེང་དུས་ཡུན་སྐར་མ་གཅིག་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གཏམ་བཤད་གནང་སྟེ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་ཡོད་པར་བརྟེན། དེས་ཁོང་གི་མི་ཚེའི་ནང་ལོ་ངོ་ ༢༠ ལྷག་གི་རིང་སོ་སོ་སྒེར་ལ་གོ་སྐབས་དང་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བྱུང་ཡང་འཛེམས་ཟོན་མེད་པར་བོད་དོན་ལ་རྒྱབ་སྐྱོར་གྱི་ལས་འགུལ་གནང་བཞིན་ཡོད་པ་རེད།
རི་ཅར་ཌི་གྷི་ཡར་དང་བོད་དབར་གྱི་འབྲེལ་བ་འདི་ཐོག་མར་ཕྱི་ལོ་ ༡༩༨༡ ལོར་དྷ་རམ་ས་ལར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྱི་མཇལ་ཁ་ཞུས་པ་བཟུང་འགོ་ཚུགས་ཡོད་པ་དང་། དེ་དུས་ཁོང་གིས་བོད་ཀྱི་ཆབ་སྲིད་གནས་སྟངས་དམིགས་བསལ་གོ་རྟོགས་མེད་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ང་ཚོ་བོད་མི་ཚོར་ནུས་པ་དང་ཐོན་ཁུངས་མེད། ནུབ་ཕྱོགས་པའི་སྤུན་ཟླ་ཚོའི་རོགས་རམ་ལ་བསྟེན་གྱི་ཡོད།”ཅེས་བཀའ་གནང་པ་ནས་བཟུང། སེམས་འགུལ་ཆེན་པོ་ཐེབས་ཏེ། རི་ཅར་ཌི་གྷི་ཡར་ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་ཞུས་ཡོད་པ་རེད། དེ་ནས་བཟུང་ཁོང་གིས་བོད་དོན་ཐོག་ལ་རྒྱབ་སྐྱོར་བའི་ཁྲོད་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་གཙོ་གྲས་སུ་གྱུར་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
