མི་ནེ་སོ་ཊའི་གྲོང་ཁྱེར་གཉིས་ཀྱིས་འཁྲུངས་སྐར་ཉིན་བྱམས་བརྩེའི་ཉིན་མོར་གཏན་འབེབས་གནང་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ། འཚེ་བ་མེད་པ། མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་སྤེལ་ཐོག་ལ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་ཞུས་པ།

མི་ནིཡ་པོ་ལིསི་དང་སེནཊི་པོལ་གྲོང་ཁྱེར་གྱི་འཁྲུངས་སྐར་ཉིན་བྱམས་བརྩེའི་ཉིན་མོར་གཏན་འབེབས་གནང་འདུག

ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༤ ཉིན་མི་ནེ་སོ་ཊའི་སེནཊི་པོལ་གྲོང་ཁྱེར་གྱིས་གྲོས་ཆོད་གཏན་འབེབས་གནང་པ་དང་།  ཨ་རིའི་རྒྱལ་ཡོངས་དྭང་བླངས་ཞུ་གཏུག་ལས་འགུལ་གྱི་འབྲེལ་མཐུད་པ་བསྟན་འཛིན་ཆོས་བཟང་ལགས་དང་།  མི་ནེ་སོ་ཊ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ལྷ་མོ་ལགས་རྣམ་གཉིས།
སེནཊི་པོལ་གྲོང་ཁྱེར་གྱི་གྲོས་ཆོད། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༤ ཉིན་མི་ནེ་སོ་ཊའི་སེནཊི་པོལ་གྲོང་ཁྱེར་གྱིས་གྲོས་ཆོད་གཏན་འབེབས་གནང་པ་དང་། ཨ་རིའི་རྒྱལ་ཡོངས་དྭང་བླངས་ཞུ་གཏུག་ལས་འགུལ་གྱི་འབྲེལ་མཐུད་པ་བསྟན་འཛིན་ཆོས་བཟང་ལགས་དང་། མི་ནེ་སོ་ཊ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ལྷ་མོ་ལགས་རྣམ་གཉིས། (TAFM)

ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་མི་ནིཡ་པོ་ལིསི་དང་སེནཊི་པོལ་གྲོང་ཁྱེར་གཉིས་ཀྱིས་༧སྐུའི་འཁྲུངས་སྐར་ ༩༡ པ་འདི་བཞིན་བྱམས་བརྩེའི་ཉིན་མོར་གྲོས་ཆོད་གཏན་འབེབས་ཞུས་སྟེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ། འཚེ་བ་མེད་པ། མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་སྤེལ་ཐོག་ལ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་ཞུས་ཡོད་པ་རེད།

བྱམས་བརྩེའི་ཉིན་མོ་གཏན་འབེབས་ཀྱི་གྲོས་ཆོད། ༢༠༢༦།༦།༢༥
མི་ནིཡ་པོ་ལིསི་ཀྱི་གྲོས་ཆོད། བྱམས་བརྩེའི་ཉིན་མོ་གཏན་འབེབས་ཀྱི་གྲོས་ཆོད། ༢༠༢༦།༦།༢༥ (U.S. V-Tag)

དེ་ཡང་ཨ་རིའི་རྒྱལ་ཡོངས་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་འབྲེལ་མཐུད་པ་བསྟན་འཛིན་ཆོས་བཟང་ལགས་ཀྱིས། ཕྱི་ཚེས་ ༢༥ ཉིན་མི་ནིཡ་པོ་ལིསི་གྲོང་སྡེ་ལྷན་ཚོགས་སུ་གྲོས་ཆོད་གཏན་འབེབས་ཀྱིས་གསལ་བསྒྲགས་གནང་པའི་སྐབས། བོད་མི་ཧ་ཅང་མང་པོ་འདུ་འཛོམས་བྱུང་པར་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་དང་སྤྱི་ཁྱབ་པ་བཅས་ཧོན་ཐོར་པ་དང་དགའ་པོ་ཞེ་དྲགས་གནང་སོང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༥ ཉིན་གྲོས་ཆོད་གཏན་འབེབས་གནང་སྐབས་བོད་མི་རྣམས་འདུ་འཛོམས་གནང་པ།
མི་ནིཡ་པོ་ལིསི་གྲོང་སྡེ་ལྷན་ཚོགས་སུ་གྲོས་ཆོད་གཏན་འབེབས་གནང་པ། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༥ ཉིན་གྲོས་ཆོད་གཏན་འབེབས་གནང་སྐབས་བོད་མི་རྣམས་འདུ་འཛོམས་གནང་པ། (Future of Us.)

བྱམས་བརྩེའི་ཉིན་མོ་གསལ་བསྒྲགས་གནང་ཡུལ་དུ་ངོ་བཅར་ཡོད་པ་མི་ནི་སོ་ཊ་བོད་དོན་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཟུར་པ་བསྟན་འཛིན་ཤེས་རབ་ལགས་ཀྱིས། ད་རེས་གྲོང་སྡེ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་ལ་ཆེ་བསྟོད་ཞུས་པ་འདི་ནི་༧གང་ཉིད་ཀྱི་ཐུགས་སྐྱེད་དམ་བཅའ་བཞིའི་ནང་ནས་འགྲོ་བ་མིའི་རིན་ཐང་གོང་སྤེལ་དང་བཟང་སྤྱོད་ཁྱབ་སྤེལ་གནང་པའི་མཛད་འཕྲིན་ལས་ཆེ་བསྟོད་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་དང་གུས་བརྩི་འདི་འདྲ་ཞུ་དུས་རང་བཞིན་གྱི་བོད་དོན་ཁྱབ་བསྒྲགས་འགྲོ་བར་ཕན་རླབས་ཆེན་པོ་ཡོང་གི་ཡོད་རེད་ཅེས་གསུངས་བྱུང་།

བོད་མི་ཆེད་བཅར་བའི་ཁོངས་སུ་གཞོན་སྐྱེས་མི་རབས་མང་པོ་བཅར་ཡོད་ཅིང་། བསྟན་འཛིན་ཚེ་སྐྱིད་ལགས་ཀྱིས་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་དང་འཐུས་མི། ལྷག་པར་གྲོས་ཆོད་འདོན་མཁན་འཐུས་མི་ Pearll Warren ལགས་སུ་དམིགས་བསལ་ཐུགས་རྗེ་ཞུ་འདོད་བྱུང་ཞེས་གསུངས་བྱུང་།

ཨ་རིའི་རྒྱལ་ཡོངས་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་འབྲེལ་མཐུད་པ་བསྟན་འཛིན་ཆོས་བཟང་ལགས་དང་།  བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བཀྲིས་ཉི་མ་ལགས། ༢༠༢༦།༦།༢༥
གྲོས་ཆོད་འདོན་མཁན་འཐུས་མི་ Pearll Warren དང་ལྷན། ཨ་རིའི་རྒྱལ་ཡོངས་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་འབྲེལ་མཐུད་པ་བསྟན་འཛིན་ཆོས་བཟང་ལགས་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བཀྲིས་ཉི་མ་ལགས། ༢༠༢༦།༦།༢༥ (U.S. V-Tag)

དྭང་བླངས་བོད་དོན་ཞུ་གཏུག་ཀྱི་ལས་འགུལ་འདི་བཞིན་སྲིད་སྐྱོང་དང་བཀའ་ཤག་གིས་ལམ་སྟོན་འོག་གཞོན་སྐྱེས་ནུས་སྟོབས་གོང་སྤེལ་གྱི་ལས་རིམ་གཙོ་བོ་ཞིག་ཡིན་པ་དང་། ཨ་རིའི་ནང་དུ་༧སྐུའི་འཁྲུངས་སྐར་ཉིན་བྱམས་བརྩེའི་ཉིན་མོར་གཏན་འབེབས་ཀྱི་བསྒྲགས་གཏམ་དང་། གྲོས་ཆོད་གཏན་འབེབས་ཡོང་ཕྱིར་ལས་འགུལ་སྤེལ་བཞིན་པའི་ཁྲོད། ཉེ་ལམ་ཨ་རིའི་ཝིསི་ཀན་སིན་མངའ་སྡེའི་མེ་ཌི་སན་གྲོང་ཁྱེར་དང་། ཕྱི་ཟླ་ ༦ ཚེས་་༢༤ ཉིན་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་སེནཊི་པོལ་དང་ཕྱི་ཚེས་ ༢༥ ཉིན་མི་ནིཡ་པོ་ལིསི་གྲོང་སྡེ་ལྷན་ཚོགས་སུ་གྲོས་ཆོད་གཏན་འབེབས་ཀྱིས་གསལ་བསྒྲགས་གནང་འདུག

བྱམས་བརྩེའི་ཉིན་མོ་གཏན་འབེབས་ཀྱི་གྲོས་ཆོད། ༢༠༢༦།༦།༢༤
སེནཊི་པོལ་གྲོང་སྡེ་ལྷན་ཚོགས་ཀྱི་གྲོས་ཆོད། བྱམས་བརྩེའི་ཉིན་མོ་གཏན་འབེབས་ཀྱི་གྲོས་ཆོད། ༢༠༢༦།༦།༢༤ (TAFM)

ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་ནང་བོད་མི་ཨ་རི་བ་མི་གྲངས་ ༥༠༠༠ ལྷག་གཏན་སྡོད་གནང་གི་ཡོད་པའི་ཚོད་དཔག་གནང་གི་འདུག

བརྙན་པར་སྒྲིག་སྦྱོར་བ། བཀྲ་དབང་།