བོད་རིག་པའི་ཚོགས་འདུ་དང་འབྲེལ་བའི་ཐད་རྒྱ་ནག་གིས་བལ་ཡུལ་ལ་གནོན་ཤུགས་སྤྲད་པ།

བོད་རིག་པའི་ཞིབ་འཇུག་གི་བགྲོ་གླེང་ཚོགས་འདུ་ཐེངས་ ༡༧ པའི་ཐོག་བཙན་བྱོལ་བོད་མིའི་ཤུགས་རྐྱེན་འགོག་ཐབས་བྱས་འདུག

རྒྱ་ནག་གཞུང་ཚབ་ཀྱིས་བལ་ཡུལ་གཞུང་ལ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་བགྲོ་གླེང་ཚོགས་འདུ་ཐེངས་ ༡༧ པའི་ཐོག་བཙན་བྱོལ་བོད་མིའི་ཤུགས་རྐྱེན་འགོག་ཐབས་བྱས་འདུག

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༡ ཉིན་བལ་ཡུལ་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་ཊང་མའོ་མིང་ (Zhang Maoming) གིས་བལ་ཡུལ་ཕྱི་སྲིད་དྲུང་ཆེ་ཨམྲིཏ་བྷ་དྷུར་རཡེ་ (Amrit Bahadur Rai) དང་ཐུགས་འཕྲད་ཀྱིས་བལ་ཡུལ་ནང་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་བགྲོ་གླེང་ཚོགས་འདུའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འཇུག་པ་ཚོས་རྒྱ་ནག་གི་ཁ་གཏད་དང་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གཏམ་གླེང་བྱེད་སྲིད་པར་གཞིགས་ཏེ་གནས་དོན་འདིའི་རིགས་མི་ཡོང་བའི་དོགས་ཟོན་བྱ་དགོས་ཞེས་ཉེན་བརྡ་སྐྱར་ནན་བཏང་ཡོད་པ་བལ་པོའི་གསར་འགོད་པ་གྷ་ཇེན་དྷརཱ་བྷསི་ནེཊ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། བལ་ཡུལ་གཞུང་གི་མཐོ་རིམ་ལས་བྱེད་ཅིག་གིས་འདི་སྐོར་ཀཐ་མན་ཌུ་དུས་བབ་ལ་བརྗོད་ཡོད་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བལ་ཡུལ་ཕྱི་སྲིད་དྲུང་ཆེ་དང་། བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་། བོད་རིག་པའི་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་བཅས་ལ་ཡིག་ཐོག་ནས་འབྲེལ་བ་ཞུས་ཀྱང་ལན་འདེབས་འབྱོར་མ་བྱུང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་བལ་ཡུལ་དུ་ཚོགས་བཞིན་པའི་ཚོགས་འདུ་འདི་རིགས་རྒྱལ་སྤྱིའི་ནང་ཐེངས་བཅུ་དྲུག་ཙམ་ཚོགས་ཟིན་ཡོད་པ་དང་དེ་ཡང་གཙོ་བོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ཕྱོགས་ཀྱི་གནད་དོན་ཙམ་ལས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པས་ཉམས་ཞིབ་པ་སྐྱེད་སྲིང་བྱེད་སའི་སྡིངས་ཆ་གལ་ཆེན་ཞིག་ཆགས་ཀྱི་ཡོད་དུས་རྒྱ་ནག་གཞུང་ཕྱོགས་ནས་ཚོགས་འདུ་དེར་དོགས་ཟོན་དང་གནོན་ཤུགས་སྤྲད་དེ་དོ་ཕོག་གཏོང་ཐབས་བྱེད་བཞིན་ཡོད་པའི་སྐོར་དང་། ཁོང་གིས་ད་དུང་། འདི་ནི་རྒྱ་ནག་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་པ་གཅིག་པུ་མིན་པར། ཚོགས་བཅར་རྣམས་ཚོགས་འདུར་མ་བཅར་གོང་ནས་ལྟ་སྲུང་དོ་སྣང་བྱས་ཏེ་བར་ཆད་བཟོ་ཐབས་བྱེད་ཡོད་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བལ་པོའི་གསར་འགོད་པ་གྷ་ཇེན་དྷརཱ་བྷསི་ནེཊ་ལགས་ཀྱིས་མུ་མཐུད། རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་གནས་ཚུལ་ཇི་འདྲ་ཡིན་རུང་། དོ་སྣང་ཆེན་པོ་བྱེད་བཞིན་པ་ནི་རང་བཞིན་རེད། ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གིས་ཚོགས་འདུ་འདི་ཤེས་ཡོན་དང་འབྲེལ་བ་ཡོད་པ་ལས་ཆབ་སྲིད་དང་འབྲེལ་བ་མེད་ལུགས་བརྗོད་རུང་། རྒྱ་ནག་གིས་དེར་དོ་སྣང་དང་གནོན་ཤུགས་སྤྲོད་ཀྱི་རེད། ལྷག་པར་བལ་ཡུལ་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་དུས། རྒྱལ་ཁབ་ཀྱི་ཁྲིམས་དང་རྒྱ་ནག་གཅིག་གི་སྲིད་བྱུས་ཀྱི་ལངས་ཕྱོགས་ཐད་སྟངས་འཛིན་བྱེད་རྒྱུའི་འགན་དབང་ཞིག་ཀྱང་ཡོད་རེད་ཅེས་བརྗོད་བྱུང་།

བལ་ཡུལ་ནང་ཉེ་ལམ་མི་རབས་གསར་པས་གྱེན་ལངས་བྱས་ཏེ་གཞུང་གསར་པ་སླེབས་པ་དེ་ནི་དམངས་གཙོའི་རིང་ལུགས་ཀྱི་རྗེས་དྲངས་པ་ཡིན་སྟབས། རྒྱ་ནག་གཞུང་གིས་གང་བཤད་ལ་ཉན་འཇོག་བྱེད་མཁན་ཞིག་མིན་པར་ངོས་འཛིན་བྱེད་ཀྱི་འདུག དེ་ཡང་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཞོན་བཟང་པོ་ལགས་ཀྱིས། གཞུང་སྔོན་མའི་སྐབས་སུ་རྒྱ་ནག་གིས་གང་བཤད་པ་དེ་དག་ལ་འཇུག་གི་ཡོད་པ་དང་། ད་ལྟའི་གཞུང་འདིས་འགྲོ་བ་མིའི་ཐོབ་ཐང་གཞིར་བཞག་གི་བཀའ་མོལ་གནང་གི་ཡོད་དུས། ཁྱད་པར་ཕྲན་བུ་ཡོད་པ་རེད་ཅེས་བརྗོད་བྱུང་།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་བཞིན་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་ཚོགས་པའི་སྟངས་འཛིན་འོག་ཀ་ཐ་མཎ་ཌུ་སློབ་གྲྭ་ཆེན་མོའི་ཧི་མ་ལའི་ཤར་གླིང་ལྟེ་གནས་དང་ཀ་ཐ་མཎ་ཌུ་སློབ་གྲྭ་ཆེན་མོའི་རང་བྱུང་ཨེ་ཤེ་ཡའི་ནང་པའི་ལྟེ་གནས་ཁང་གཉིས་ཀྱིས་གོ་སྒྲིག་གནང་པའི་ཐོག་ཕྱི་ཟླ་ ༨ ཚེས་ ༢༣ ནས་ ༢༩ བར་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌུ་ནང་ཚོགས་རྒྱུ་ཡིན་པ་རེད། ཚོགས་འདུའི་ཐོག་རྒྱལ་ཁབ་ཁག་ ༣༩ ཙམ་ནས་མཁས་དབང་དང་ཉམས་ཞིབ་པ་སོགས་མཉམ་ཞུགས་གནང་གི་ཡོད་པ་མ་ཟད་རྒྱ་ནག་ནང་ནས་རྒྱ་རིགས་ཆེད་ལས་པ་ཡང་མང་པོ་ཞིག་གིས་མཉམ་ཞུགས་གནང་འཆར་ཡོད་པ་རེད།།