རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་ཟླ་ ༩ ཚེས་ ༢༣ ཉིན་གྱི་ཞོགས་པ་ནས་ཚེས་ ༢༥ བར་རྒྱལ་དོན་གྱི་འཚམས་འདྲི་གནང་གི་ཡོད་པ་བཞིན། ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དུ་ཟླ་ ༩ ཚེས་ ༢༤ ཉིན་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འཆར་ཡོད་པ་དང་། རྒྱལ་སའི་མངའ་ཁུལ་གྱི་བོད་པའི་སྤྱི་མཐུན་ཚོགས་པས་ལས་དོན་ཁག་ཅིག་གྲ་སྒྲིག་གནང་བཞིན་ཡོད་འདུག
ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ནོར་བུ་ལགས་ཀྱིས་གསུངས་པར། ང་ཚོས་ད་ལྟ་རགས་རྩིས་བྱ་དུས་ཕལ་ཆེར་བོད་པ་རང་གི་ཚོགས་པ་ ༡༢ ལས་མང་བ་སླེབས་རྒྱུ་དང་། ཚོད་དཔག་བྱས་ན་བོད་མི་ ༡༢༠༠ ཙམ་སླེབས་རྒྱུ་རེད་འདུག དེ་མིན་ཡུ་གུར་གྱི་ཚོགས་པ་དང་རྒྱ་མིའི་ཚོགས་པ་སོགས་མང་པོ་སླེབས་རྒྱུ་རེད་འདུག་པས། ལས་འགུལ་འདི་ང་ཚོའི་ས་གནས་ལ་ཡིན་དུས། ལས་འགན་མང་པོ་དང་། གལ་ཆེ་ཤོས་ནི་ས་གནས་ཀྱི་ཁྲིམས་དང་མ་འགལ་བའི་ཐོག་ནས་བསམ་བློ་མང་པོ་བཏང་དགོས་འདུག་ལ། ཁྲིམས་ཐོག་ནས་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་ཡང་ཞུས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཨ་རིའི་ཕོ་བྲང་དཀར་པོའི་གསལ་བསྒྲགས་ལ་གཞིགས་ན། སྲིན་འཛིན་ཊམཔ་ཡིས་ཚེས་ ༢༣ ཉིན་ཨན་ཌི་རུ་སི་གནམ་ཐང་དུ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ལ་སྣེ་ལེན་གནང་རྒྱུ་བཀོད་འདུག ཡང་ཉིན་མོ་དེ་རང་ལ་ཚོགས་པ་ཁག་ཅིག་ཐུན་མོང་གིས་དྲ་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཡོད་ལ། འཆར་གཞི་ལྟར་ན། ཚེས་ ༢༣ ཉིན་གྱི་ཉིན་རྒྱབ་ཞི་ཅིན་ཕིང་རྒྱལ་ས་ཝ་ཤིང་ཌོན་དུ་འབྱོར་གྱི་ཡོད་འདུག ས་གནས་བོད་པའི་ཚོགས་པས་ངོ་རྒོལ་ལས་འགུལ་པ་ཚོའི་ཆེད་དུ་སྨན་བཅོས་རུ་ཁག་ཀྱང་གྲ་སྒྲིག་གནང་ཡོད་པ་དང་། རྒྱལ་སའི་མངའ་ཁུལ་གྱི་བོད་པའི་སྤྱི་མཐུན་ཚོགས་པའི་རྒྱུན་ལས་བསོད་ནམས་ནོར་བུ་ལགས་ཀྱིས། སྨན་ཞབས་པའི་རུ་ཁག་གཅིག་བཙུགས་ནས་ཕར་ཚུར་སྐྱོད་ཐུབ་པའི་མོ་ཌ་ཞིག་གོ་སྒྲིག་ཞུས་ཏེ་ན་ཚ་ཆུང་ཙག་དང་རྨ་བཟོས་པ་སོགས་ཀྱི་རིགས་ལ་ལམ་སེང་སྨན་བཅོས་ཞུ་ཐུབ་པའི་གྲ་སྒྲིག་ཞུ་བཞིན་ཡོད་པ་ངོ་སྤྲོད་གནང་བྱུང་།

ཚེས་ ༢༤ ཉིན་ཨ་རིའི་སྲིད་འཛིན་ནས་ཕོ་བྲང་དཀར་པོར་དགའ་བསུའི་མཛད་སྒོ་དང་། དམག་གཟིགས། རྒྱལ་དོན་གྱི་དགོང་དྲོའི་གསོལ་ཚིག་བཅས་གོ་སྒྲིག་ཞུས་ཡོད་པས། བོད་དོན་ལས་འགུལ་འདི་ཡང་ཨ་རིའི་ཕོ་བྲང་དཀར་པོའི་ཉེ་ཁོར་དང་གྲོས་ཚོགས། ཨ་རིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་སོགས་ས་ཁུལ་དུ་སྤེལ་རྒྱུའི་འཆར་གཞི་ཡོད་འདུག་ལ། ཨ་རི་དང་ཁེ་ན་ཌ་སོགས་ནས་བོད་མི་མང་པོ་འབྱོར་གྱི་ཡོད་འདུག
ཡང་བསྟན་འཛིན་ནོར་བུ་ལགས་ཀྱིས། ད་ལྟ་འཆར་གཞི་བྱས་ན་ནིའུ་ཡོཀ་དང་ནིའུ་ཇར་སི་ནས་ཕེབས་མཁན་འདུག་ལ། ཁ་ནེཀ་ཊི་ཀཊ། ཤ་འོ་སི་ཝིལ། སྦོ་སི་ཌོན། ཧྥེ་ལི་ཌ་ཧྥི་ཡ། ད་དུང་མི་ནེ་སོ་ཊ་དང་ཊོ་རོན་ཊོ་ནས་ཀྱང་བོད་ལ་མང་པོ་ཕེབས་མཁན་རེད་འདུག དེར་བརྟེན་ཚང་མར་སྐད་ཆ་བཤད་རྒྱུའི་གོ་སྐབས་ཕུལ་ན་ཡག་པོ་ཡོད་པ་བཀའ་མོལ་བྱུང་སོང་ཞེས་གསུངས་བྱུང་།
ཁོང་གིས་མུ་མཐུད་གསུངས་པར། ཚེས་ ༢༤ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ལ་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས་ཁྲིམས་ནས་མ་འགལ་བ་གནང་རོགས་ཞུ་རྒྱུ་དང་། ག་དུས་ཡིན་རུང་འཚེ་བ་མེད་པ་དང་གཟི་བརྗིད་ལྡན་པ་ཞིག་བྱུང་ན་ཡག་པོ་ཡོད་པ། ད་དུང་སྐད་ཆ་བཤད་དུས་བོད་པ་ཚང་མ་གཅིག་སྒྲིལ་དང་མཉམ་རུབ་ཀྱི་ནུས་པ་སྟོན་ཐུབ་ན་ཡག་པོ་འདུག་འདུག་ཟེར་ཚང་མར་འབོད་སྐུལ་འདི་ཞུ་རྒྱུ་ཡིན་ཞེས་གསུང་གི་འདུག
ཚེས་ ༢༥ ཉིན་སྲིད་འཛིན་རྣམ་གཉིས་ཨ་རིའི་རྒྱལ་ཁབ་ཀྱི་ཡིག་ཚགས་ཁང་དུ་གཟིགས་སྐོར་གྱིས་ད་རེས་ཀྱི་འཚམས་འདྲི་འདི་མཇུག་སྒྲིལ་གནང་གི་ཡོད་པ་ཕོ་བྲང་དཀར་པོའི་གསལ་བསྒྲགས་གནང་བཀོད་འདུག
ཡང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་ཡུལ་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་སྐབས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་དང་། དེ་བཞིན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་གལ་ཆེའི་གནད་དོན་ཐོག་བསམ་ཚུལ་བརྗེ་རེས་གནང་རྒྱུ་བརྗོད་འདུག
གཞན་ཡང་དབུ་ཁྲིད་གཉིས་ཀྱི་མཇལ་འཕྲད་ནང་ཚོང་དོན་དང་། མིས་བཟོས་རིག་ནུས་དང་། ཟླ་ ༡༡ པར་དུས་ཚོད་རྫོགས་རྒྱུའི་ཚོང་དོན་འགྲན་རྩོད་གནས་སྐབས་མཚམས་འཇོག་གི་གྲོས་མཐུན་མུ་མཐུད་གནས་ཐབས་ཀྱང་དམིགས་ཡུལ་གཙོ་བོ་ཞིག་རེད་ཅེས་རོའི་ཊར་གསར་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་གི་སྲིདའཛིན་ཨ་རིར་འཚམས་འདྲིར་མ་སྐྱོད་གོང་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སོགས་ནས་སྲིད་འཛིན་ཊམཔ་ཡིས་ཞི་ཅིན་ཕིང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཚུད་པའི་སྲིད་དོན་བཙོན་པ་ཁག་གློད་གྲོལ་གཏོང་དགོས་པ་སོགས་གནད་དོན་ཁག་གི་ཐག་གཅོད་ཐད་རྒྱ་ནག་གི་སྲིད་འཛིན་ལ་གླེང་དགོས་པའི་དགོས་འདུན་ཞུས་ཡོད།
ཡང་ཞི་ཅིན་ཕིང་གིས་ཨ་རིས་ཐའེ་ཝན་ལ་མཚོན་ཆ་ཕྱིར་ཚོང་མཚམས་འཇོག་བྱ་དགོས་པའི་གནོན་ཤུགས་སྤྲོད་སྲིད་པའི་སྐོར་རོའི་ཊར་གསར་ཁང་གིས་གནས་ཚུལ་སྤེལ་འདུག
ཞི་ཅིན་ཕིང་ཨ་རིར་མ་འབྱོར་གོང་ཚེས་ ༢༢ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་རིའི་རྒྱལ་སར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
འབྲེལ་ཡོད་གནས་ཚུལ།
བོད་མི་གཞོན་སྐྱེས་ཤིག་གིས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
སྲིད་འཛིན་ཊམཔ་དང་ཞི་ཅིན་ཕིང་གི་མཇལ་མོལ་སྐབས་བོད་ཀྱི་གནད་དོན་གླེང་པའི་རེ་སྐུལ་གནང་པ།
༧པཎ་ཆེན་རིན་པོ་ཆེ་གློད་དགོས་ཞེས་ཞིའི་ཕྱོཊ་སྐྱོད་གོང་ཨ་རིས་དགོས་འདུན་བཏོན་པ།
