གཞོན་སྐྱེས་གཉིས་ནས་མཉམ་དུ་མེར་བསྲེགས་ལས་འགུལ་སྤེལ།

ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་བོད་མི་གཉིས་ཀྱིས་བོད་ཀྱི་རྒྱལ་དར་གནམ་ལ་བསྒྲེངས་ཞོར་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེག་བཏང་འདུག

2012.06.20

དེ་རིང་ཕྱི་ཟླ་དྲུག་པའི་ཚེས་༢༠ རེས་གཟའ་ལྷག་པའི་ཉིན་ཁམས་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་བོད་མི་གཉིས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་བོད་ཀྱི་རྒྱལ་དར་གནམ་ལ་བསྒྲེངས་ཞོར་རང་ལུས་མེ་བསྲེག་བཏང་ཡོད་པ་དང༌།  གཅིག་སྐབས་དེར་འདས་འདས་གྲོངས་སུ་སོང་བ་དང་གཞན་སྨན་ཁང་དུ་ཛ་དྲག་གནས་སྟངས་ངང་ཡོད་པ་རེད་འདུག།
རྒྱ་གར་ལྷོ་ཕྱོགས་ནས་སྐུ་ཞབས་བློ་བཟང་སངས་རྒྱས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་དོན། དེ་རིང་ཕྱི་དྲོའི་བོད་ནང་གི་ཚོུད་༣ དང་ཕྱེད་ཀའི་ཐོག་ལོ་༢༢ ཡིན་པའི་ངག་དབང་ནོར་འཕེལ་ལགས་དང༌། ལོ་༢༤ ཡིན་པའི་བསྟན་འཛིན་མཁས་གྲུབ་ལགས་གཉིས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་རེ་འཕྱར་ཞོར། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཟེར་ནས་སྐད་འབོད་བྱེད་བཞིན་རྫ་སྟོད་གྲོང་རྡལ་དུ་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད། ངག་དབང་ནོར་བུ་ལགས་ནི། ཨ་མདོ་རྔ་བ་རྫོང་ནས་ཡིན་པ་དང༌། ཕ་ཡི་མཚན་ལ་ལྷག་པ་དོན་གྲུབ་དང༌། མ་ཡི་མཚན་ལ་ཚེ་རིང་དབྱངས་ཅན་ཡིན་འདུག་ལ་ཁོང་ལོ་ཤས་གོང་ནས་ཡུལ་ཤུལ་རྫ་སྟོད་ཁུལ་དུ་གནས་སྡོད་བྱེད་བཞིན་ཡོད་འདུག། གཞན་བསྟན་འཛིན་མཁས་གྲུབ་ལགས་ནི། ཡུལ་ཤུལ་གྱི་ཁྲིན་འདུ་རྫོང་ཉ་མཚོ་སྡེ་བའི་སྐམ་ཡུལ་རུ་ཁག་གསུམ་པ་ནས་ཡིན་པ་དང༌། ཕ་ལེགས་གྲུབ་དང་མ་སྐྱིད་འཛོམས་གཉིས་ཀྱི་བུ་ཡིན་པར་དེ་སྔོན་ཟིལ་དཀར་དགོན་པའི་དགེ་འདུན་པ་ཡིན་འདུག། གནས་ཚུལ་ལྟར་ཁོང་གཉིས་ཀྱིས་ཞལ་ཆེམས་ཡི་གེ་ཞིག་བཞག་ཡོད་པའི་ནང་། ངེད་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གནས་སོགས་གང་ལ་ནུས་པ་འདོན་མི་ཐུབ་ཅིང༌། དཔལ་འབྱོར་གྱི་ཕྱོགས་ནས་བོད་མི་དམངས་ལ་ཕན་པའི་ལས་ཀ་ཅི་ཡང་བྱེད་མི་ཐུབ་པར་བརྟེན། ངེད་གཉིས་ཀྱིས་རང་རང་སོ་སོའི་ནུས་ཚོད་ཀྱིས་བོད་མི་རིགས་དང་ལྷག་དོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་བརྟན་པ་དང༌། མྱུར་དུ་བོད་ལ་ཞབས་སོར་འཁོད་ཐུབ་པའི་རམ་འདེགས་སུ་རང་ལུས་མེ་བསྲེག་གཏོང་རྒྱུའི་ལམ་ཁ་དེ་བདམས་པ་ཡིན། ངེད་གཉིས་དང་འདྲ་བའི་བོད་ཀྱི་གཞོན་སྐྱེས་ཚོར་ཞུ་རྒྱུའི་སྙིང་དོན་ལ། ང་ཚོ་བོད་མི་ནང་ཁུལ་དུ་རྒྱག་རེས་རྒྱག་རྒྱུ་དང༌། ནང་ཁུལ་རྩོད་པ་བྱེད་རྒྱུའི་བྱ་སྤྱོད་རིགས་ནམ་ཡང་མི་བྱེད་པའི་དམ་བཅའ་དང༌། ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་འཁོད་ཡོད་འདུག
གོང་གི་བསྟན་འཛིན་མཁས་གྲུབ་ལགས་འདས་གྲོངས་སུ་ཕྱིན་པར་སྐུ་ཕུང་ཟིལ་དཀར་དགོན་དུ་འཁྱེར་ནས་དགོན་པར་སྨོན་ལམ་ཚོགས་བཞིན་པ་དང༌། ངག་དབང་ནོར་འཕེལ་ལགས་ད་ལྟ་སྨན་ཁང་དུ་ཛ དྲག་གནས་སྟངས་ངང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎