བོད་ཀྱི་ཁོར་ཡུག་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་ཀྱི་གྱོད་དོན་བསྐྱར་ཞིབ་ཞུ་གཏུག་ལ་གྲུབ་འབྲས་སོན་མེད་པ། ཁོང་གི་ཁྲིམས་རྩོད་པས་བརྗོད་འདུག

2024.11.06
བོད་ཀྱི་ཁོར་ཡུག་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་ཀྱི་གྱོད་དོན་བསྐྱར་ཞིབ་ཞུ་གཏུག་ལ་གྲུབ་འབྲས་སོན་མེད་པ། ཁོང་གི་ཁྲིམས་རྩོད་པས་བརྗོད་འདུག ཨ་ཉ་སེང་སྒྲ་ལགས་དང་ཁྲིམས་རྩོད་པ་དང་ལིན་ཆི་ལེ་ལགས་ཤི་ཨན་ཁྲིམས་ཁང་མདུན་དུ། ༢༠༢༤།༡༡།༠༥ ཉིན།
པར་སྒྲིག་བཟོ་བྱས།

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༥ ཉིན། བོད་མགོ་ལོག་དགའ་བདེ་ནས་ཡིན་པ་ཁོར་ཡུག་ལས་འགུལ་བ་དང་ལྐོག་ཟ་རུལ་སུངས་ལ་ཐེར་འདོན་མཁན་ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ་དང་། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཁྲིམས་རྩོད་པ་ལིན་ཆི་ལེ་ (Lin Qilei) ལགས་ནས། ཁོང་ནས་ཨ་ཉ་སེང་སྒྲའི་གྱོད་དོན་བསྐྱར་ཞིབ་ཆེད་རྒྱ་ནག་ཤི་ཨན་གྲོང་ཁྱེར་ཤི་ཨན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ཁང་དྲུག་པར་ཕྱིན་ན་ཡང་། ཁྲིམས་དཔོན་ཞིག་ཡོང་སྟེ་ཨ་ཉ་སེང་སྒྲའི་གྱོད་དོན་ལ་ཁྲིམས་ཁང་ངོས་ནས་བསྐྱར་ཞིབ་བྱས་ཡོད་པ། བསྐྱར་དུ་ཞུ་གཏུག་དང་ལེན་མི་བྱ་རྒྱུའི་ཐག་བཅད་ཡོད་པ་འགྲེལ་བརྗོད་བྱས་ཡོད་སྐོར། ཁོང་སྒེར་གྱི་xསྤྱི་ཚོགས་དྲ་ལམ་སྟེང་བཀོད་འདུག

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཁྲིམས་རྩོད་པ་ལིན་ཆི་ལེ་ལགས་དང་མཐུད་ཐབས་བྱང་ཀྱང་སྟབས་བདེ་བྱུང་མིན་རྐྱེན་གྱིས་ཐུབ་མ་སོང་ལ། ཁོང་གི་སྤྱི་ཚོགས་དྲ་ལམ་དུ་བཀོད་པའི་གནས་ཚུལ་ནང་། ང་རང་མཚོ་སྔོན་ནས་ཡིན་པའི་བོད་མི་ཨ་ཉ་སེང་སྒྲ་ལགས་ཀྱི་གྱོད་དོན་བསྐྱར་ཞིབ་ཆེད། ཐེངས་གསུམ་པར་ཤི་ཨན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ཁང་དྲུག་པར་ཕྱིན་ཏེ། ནམ་རྒྱུན་ལྟར་འགེངས་ཤོག་ཐོ་འགོད་རྗེས་བང་སྒུག་བསྡད་ན་ཡང་། ཅུང་ཙམ་ནས་ཁྲིམས་དཔོན་ཞིག་སྣེ་ལེན་བྱ་ཡུལ་དུ་ཡོང་སྟེ། ང་ལ་ཨ་ཉ་སེང་སྒྲའི་གྱོད་དོན་ལ་བསྐྱར་ཞིབ་མི་བྱ་རྒྱུ་ཐག་གཅོད་བྱས་ཡོད་པས། རྗེས་ཕྱོགས་གནད་དོན་དེའི་ཆེད་དུ་ཁྲིམས་ཁང་ལ་བསྐྱར་དུ་མི་ཡོང་རྒྱུའི་སྐུལ་མ་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག

བོད་མི་ཁོར་ཡུག་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་སུ་རྒྱ་ནག་གཞུང་གིས་སྤྱི་ཚོགས་བདེ་འཇགས་གཏོར་བཤིག་དང་། འཁྲུག་རྩོད་དང་རྙོག་དྲ་སློང་བ་སོགས་ཀྱི་ཉེས་མིང་འོག་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་མགོ་ལོག་མི་དམངས་ཁྲིམས་ཁང་ཟེར་བས་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པར། ཨ་ཉ་སེང་སྒྲ་ལགས་ནས་ཉེས་འཛུགས་དེ་རིགས་ངོས་ལེན་མེད་ཅེས་ཐོག་མར་མགོ་ལོག་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་བསྐྱར་དུ་ཞུ་གཏུག་བྱས་ཀྱང་། ཁྲིམས་ཁང་དེས་ངོས་ལེན་བྱས་མེད་པ་དང་། རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཐོའི་ཁྲིམས་ཁང་ལ་ཡང་ཞུ་གཏུག་བྱས་ཀྱང་ངོས་ལེན་བྱས་མེད་སྟབས། ཁོང་གི་ཁྲིམས་རྩོད་པས་ཤི་ཨན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དུ་བསྐྱར་ཞིབ་ཆེད་ཞུ་གཏུག་བྱས་ཏེ། འདི་ལོའི་ཟླ་ ༩ ནང་ཁྲིམས་རྩོད་པས་ཤི་ཨན་ཁྲིམས་ཁང་ལ་ཞུ་གཏུག་དེའི་གནས་སྟངས་ཇི་ཆགས་རྒྱུས་ལོན་གནང་སྐབས། ཁྲིམས་ཁང་ནས་ཞུ་གཏུག་དེའི་ཐད་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན་པས། ད་ལྟའི་ཆར་གྲུབ་འབྲས་གང་ཡང་བརྗོད་རྒྱུ་མེད་པ་འགྲེལ་བརྗོད་བྱས་ཡོད་སྐོར་བརྗོད་ཡོད་ན་ཡང་། ཐེངས་འདིར་ཁྲིམས་ཁང་དེས་ཨ་ཉ་སེང་སྒྲའི་ཞུ་གཏུག་གྱོད་དོན་ངོས་ལེན་བྱས་མེད་པ་ཞིག་ཆགས་ཡོད་པ་རེད།

ཨ་ཉ་སེང་སྒྲ་ལགས་ནས་རྒྱ་ནག་གིས་བོད་ནང་ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན་དང་། ཁྲིམས་འགལ་གྱི་རི་དྭགས་རྔོན་རྒྱག དེ་བཞིན་ས་གནས་སྲིད་གཞུང་ནང་ལྐོག་ཟ་རུལ་སུངས་སོགས་ལ་ཡང་ངོ་རྒོལ་གྱི་ལས་འགུལ་སྤེལ་བས། རྒྱ་ནག་གཞུང་གིས་ཁོང་ཕྱི་ལོ ༢༠༡༨ ཟླ ༩ ནང་དགའ་བདེ་རྫོང་སྤྱི་བདེ་ཉེན་རྟོག་མི་སྣས་ཨ་ཉ་སེང་སྒྲས་མང་ཚོགས་འདུ་སྐོང་གིས་སྤྱི་ཚོགས་ལྷིང་འཇགས་གཏོར་བཤིག་བཏང་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་རེད་ལ། ད་ལྟའི་ཆར་ཁོང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མིན་ཡན་བཙོན་ཁང་དུ་བཅུག་ཡོད་ན་ཡང་། བཙོན་ཁང་དུ་ཁོང་གི་གཟུགས་གཞིའི་འཕྲོད་བསྟེན་གནས་སྟངས་ཉམས་ཞན་དང་། དུས་ཡུན་ལོ་ངོ་དྲུག་རྗེས་སྐར་མ་ཁ་ཤས་ཙམ་ལ་ནང་མི་ཚོར་ཐུག་འཕྲད་ཙམ་ལས་བྱེད་བཅུག་མེད་པ་སོགས་ཀྱི་གནས་སྟངས་དང་དམ་དྲག་བྱས་ཡོད་པ་རེད།

ཨ་ཉ་སེང་སྒྲ་ལགས་ནི་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་ཞིང་། ད་ལྟ་ལོ་ན་ ༥༣ ཡས་མས་ཡིན་པ་དང་། ཁོང་གིས་ས་གནས་དཔོན་རིགས་ཀྱི་སྤྱི་དངུལ་ཧམ་ཟ་དང་། ཁྲིམས་འགལ་གྱིས་གང་བྱུང་རི་དྭགས་རྔོན་པ། ཁོར་ཡུག་ལ་གནོད་འཚེ་བཟོས་པ་སོགས་ཀྱི་གནས་ཚུལ་ཐེར་འདོན་བྱས་རྐྱེན། ཕྱི་ལོ་ ༢༠༡༤ ལོར་ཡང་འཛིན་བཟུང་གིས་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཅད་མྱོང་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཉག་ཆུ་རྫོང་གི་མེ་སྐྱོན་ཞི་འཇགས་སུ་ཕྱིན་ཡོད་ཀྱང་རྩ་མེད་བཟོ་ཐུབ་མེད་པར་མུ་མཐུད་དུ་བ་འཕྱུར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎