དེང་སྐབས་བོད་གནས་དང་འབྲེལ་བའི་དཔྱད་རྩོམ།

ཨ་རིའི་ཀོ་ལམ་སྦི་ཡ་གཙུག་ལག་སློབ་གྲྭའི་ནང་བོད་གནས་ཉམ་ཞིབ་པ་རོབ་སྦི་སྦའར་ནེཏ་གིས་བོད་དོན་ཐོག་དཔྱད་རྩོམ་ཞིག་སྤེལ་གནང་བ།

༄༅༎ལོ་ངོ་བཅུ་ཕྲག་འགའ་ཤས་རིང་བོད་ནང་རྒྱལ་ཁབ་དང་སྤྱི་ཚོགས་གཉིས་དབར་གྱི་འབྲེལ་བ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་འོག་ གཞིས་ལུས་བོད་མི་ཚོས་ལུས་པོ་མེར་བསྲེག་བཏང་ནས་རང་སྲོག་བློས་བཏང་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་ རྒྱ་ནག་གཞུང་མགོ་རྟིང་སློག་རྒྱུའི་ཐབས་བྱུས་ཤིག་ལ་རྒྱ་ནག་གི་འགོ་ཁྲིད་ཚོས་ངོས་འཛིན་བྱ་དགོས་ཀྱི་ཡོད་དམ། ཡང་ན་རྒྱ་ནག་གིས་བོད་ཐོག་འཛིན་པའི་གཞི་རྩའི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་གལ་ཆེ་བའི་གནད་དོན་གཉིས་ཐོག་བསམ་ཞིབ་བྱ་རྒྱུའི་དུས་ལ་བབ་ཡོད་སྐོར་ ཨ་རིའི་ཀོ་ལམ་སྦི་ཡ་གཙུག་ལག་སློབ་གྲྭའི་ནང་བོད་གནས་ཉམ་ཞིབ་པ་རོབ་སྦི་སྦའར་ནེཏ་གིས་སྦི་སྦི་སི་གསར་ལམ་ཐོག་དཔྱད་རྩོམ་ཞིག་སྤེལ་གནང་འདུག།
སྤྱིར་བཏང་མང་ཚོགས་ཀྱིས་གཞུང་ལ་ངོ་རྒོལ་བྱས་པར་ལྟ་སྟངས་གཉིས་ཡོད་པ་དང༌། ལྟ་སྟངས་དང་པོ་དེ་ ངོ་རྒོལ་བྱས་པའི་བརྒྱུད་གཞུང་ལ་ཕམ་ཉེས་གཏོང་རྒྱུའི་ཐབས་ཇུས་བཏིངས་བར་ངོས་འཛིན་བྱེད་་པ་དང༌། ལྟ་སྟངས་གཉིས་པ་དེ་གཞུང་གིས་སྲིད་བྱུས་འཛིན་སྟངས་ལ་སྐྱོན་ཆ་ཆེན་པོ་ཡོད་པར་མང་ཚོགས་ཀྱིས་ངོ་རྒོལ་བྱེད་པའི་ལྟ་སྟངས་ཞིག་ཡོད་པ་ལྟར། ད་ལོ་བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེག་བཏང་གནང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་བ་དེ་རྒྱ་ནག་གི་ལྟ་སྟངས་ནས་བྱས་ན་རྒྱ་ནག་གཞུང་ལ་ཉམ་ཉེས་གཏོང་རྒྱུའི་ཐབས་ལམ་ཞིག་ལ་ངོས་འཛིན་གྱིས་གནད་དོན་དེ་ཚོ་འཇིགས་སྐུལ་དྲག་ཐབས་མཁན་གྱི་བྱ་སྤྱོད་ཞིག་ཡིན་པ་དང༌། ཕྱི་རྒྱལ་ལ་ཡོད་པའི་བོད་རང་བཙན་དོན་གཉེར་བ་ཚོས་བརྒྱུད་སྐུལ་བྱས་པའི་བྱ་སྤྱོད་ཞིག་ཡིན་ལུགས་ཀྱི་སྐྱོན་བརྗོད་བྱས་པ་ལས། རྒྱ་ནག་གཞུང་རང་ཉིད་ཀྱི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་དགོས་པའི་བསམ་བློ་ཡང་བཏང་གི་མེད་པའི་སྐོར་ བོད་གནད་ཉམ་ཞིབ་པ་རོབ་སྦི་སྦའར་ནེཏ་ཡིས་དཔྱད་པ་གནང་བཞག།