རྒྱ་ནག་ལ་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་རྩིས་སྤྲོད་བཞིན་པར་ངོ་རྒོལ་བསྟུད་མར་བྱས་འདུག

2021.10.18
རྒྱ་ནག་ལ་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་རྩིས་སྤྲོད་བཞིན་པར་ངོ་རྒོལ་བསྟུད་མར་བྱས་འདུག རྒྱ་ནག་ལ་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་རྩིས་སྤྲོད་བྱེད་ཡུལ་ནས་ངོ་རྒོལ་ལས་འགུལ་སྐབས། ༡༠།༡༨།༢༡
AFP

གནས་ཚུལ་ལྟར་ན། སྤྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་རྒྱ་ནག་ནང་འཚོགས་རྒྱུ་ཡིན་པ་ལྟར། གྷི་རི་སིའི་(Greece)་ནང་རྩེད་འགྲན་གྱི་དཔལ་འབར་སྒྲོན་པའི་མཛད་སྒོ་མ་འཚོགས་པའི་སྔོན་དུ། འཆི་མེད་ལྷ་མོ་གཙོས་བོད་མི་དང་ཧོང་ཀོང་གི་ལས་འགུལ་པ་ཁག་ཅིག་གིས་ས་གནས་དེ་ནས་ངོ་རྒོལ་བྱས་བར་བརྟེན་ཉེན་རྟོག་པས་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་འདུག
གཞན་བོད་རང་བཙན་སློབ་ཕྲུག་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། དཔལ་འབར་རྩིས་སྤྲོད་བྱེད་ཡུལ་གྱི་ཉེ་འགྲན་ནས་ལས་འགུལ་བ་ཁག་ཅིག་འཛིན་བཟུང་བྱས་པའི་ཁོངས་སུ་ཨ་མི་རི་ཀའི་མི་སེར་ཡིན་པ་བསྟན་འཛིན་གཡང་འཛོམས་ལགས་དང་། པད་མ་སྒྲོལ་མ་ལགས། ཡང་སུད་སིའི་མི་སེར་ཡིན་པ་བསྟན་འཛིན་གནས་བཟང་ལགས་དང་། ཚེ་རིང་སྒོ་པ་བཅས་བུད་མེད་གསུམ་དང་སྐྱེས་པ་གཅིག་བཅས་ཡོད་པ་ཁོང་རྣམ་པས་ངོ་རྒོལ་གྱི་ལས་འགུལ་མ་སྤེལ་གོང་ནས་རྒྱ་མི་ལས་བྱེད་པ་དང་། གྷི་རི་སིའི་ཉེན་རྟོག་བཅས་མི་སྣ་༡༩་ཙམ་ཞིག་གིས་མཛད་སྒོ་ཚོགས་ཡུལ་གྱི་ཕྱི་རོལ་དུ་འཛིན་བཟུང་བྱས་ཡོད་འདུག ཞིབ་ཕྲའི་གནས་ཚུལ་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་མི་བསྟན་འཛིན་གནས་བཟང་ལགས་སུ་བཅར་འདྲི་བྱས་སྐབས། ཁོང་གིས། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་ནང་རྒྱལ་སྤྱིའི་རྩེད་འགྲན་དེ་འདྲ་ཚོགས་རྒྱུ་དང་མགྲོན་བདག་བྱེད་རྒྱུའི་འོས་བབ་མེད་པར་བརྟེན། ངོ་རྒོལ་ཆེད་ཁོང་ཚོ་དཔལ་འབར་རྩིས་སྤྲོད་བྱེད་ཡུལ་གྱི་ཉེ་འགྲན་དུ་སླེབས་སྐབས་འཛིན་བཟུང་གིས་ཉེན་རྟོག་པའི་རླངས་འཁོར་གཉིས་ནང་བཅུག་ནས། བཀག་ཉར་སྐབས་རྒྱབ་ཁུག་དང་ལུས་པོ་སྔོག་གཤེར་བྱས་བ་དང་། འདྲི་རྩད་མང་པོ་བྱས་མཐར་ཚོུད་བཞི་ཙམ་གྱི་རྗེས་གློད་གྲོལ་བྱུང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། ཡིན་ན་ཡང་ངོ་རྒོལ་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་དང་གཞན་ལས་འགུལ་བ་གཉིས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་བསྡད་ཡོད་པ་རེད་འདུག

sft.jpg
ཡང་ཉིན་གཅིག་གི་སྔོན་ཕྱི་ཚེས་༡༧་གཟའ་ཉི་མའི་ཉིན་མཛད་སྒོ་ཚོགས་ཡུལ་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་རང་ལོ་༡༨་ཡིན་པའི་བོད་མི་ཚེ་ལྷ་རྫོགས་བཟང་ལགས་དང་། ཧོང་ཀོང་གི་ལས་འགུལ་བ་རང་ལོ་༢༢་ཡིན་པའི་ཇཱོ་སཱུ་(Joey Siu)་གཉིས་ཀྱིས་བོད་ཀྱི་རྒྱལ་དར་དང་། ཧོང་ཀོང་གི་ལས་འགུལ་ཆེན་མོའི་དར་ཆ་བསྒྲེངས་ནས་སྤྱི་ལོ་༢༠༢༢་ལོར་རྒྱ་ནག་ནང་ཚོགས་རྒྱུའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ལ་ངོ་རྒོལ་ཡོད། བོད་ལ་རང་དབང་དགོས། ཧོང་ཀོང་རང་དབང་དགོས་སོགས་ཀྱི་འབོད་ཚིག་བསྒྲགས་ནས་ངོ་རྒོལ་ལས་འགུལ་སྤེལ་སྐབས་ཡུན་རིང་མ་སོང་བར་ཉེན་རྟོག་པས་ལས་འགུལ་བ་གཉིས་འཛིན་བཟུང་བཀག་ཉར་བྱས་རྗེས་ཁྲིམས་རྩོད་པ་བརྒྱུད་ད་ལྟའི་ཆར་གློད་གྲོལ་བྱུང་འདུག
གནས་ཚུལ་ལྟར་ན། ཕྱི་ཚེས་༡༩་ཉིན་ཨོ་ལིམ་པིཀསི་དཔལ་འབར་དེ་རྒྱ་ནག་གི་ཨོའོ་ལིམ་པིག་སི་རྩེད་འགྲན་ཚོགས་ཆུང་ལ་རྩིས་སྤྲོད་ཀྱི་མཛད་སྒོ་ཉིན་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་འཆར་ཡོད་པ་དང་། རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༤་ནས་༢༠་བར་རྒྱ་ནག་པེ་ཅིང་ཏུ་ཚོགས་རྒྱུ་ཡིན་པ་རེད།
འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་ལ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་སྲིད་ཇུས་མཚམས་འཇོག་མ་བྱས་བའི་བར་རྒྱ་ནག་གཞུང་ལ་ཨོ་ལིམ་པིཀསི་རྩེད་འགྲན་གྱི་མགྲོན་བདག་བྱེད་རྒྱུའི་འོས་བབ་མེད་པ་དང་། ཕྱིར་འཐེན་བྱས་ནས་རྒྱལ་ཁབ་གཞན་ནང་སྤོར་དགོས་པ་ནན་བརྗོད་བྱས་ཡོད་པ་རེད།
དེ་བཞིན་ཡུན་རིང་བོད་དང་ཡུ་གུར། ལྷོ་སོག་པོ། ཧོང་ཀོང་། ཐེ་ཝན། རྒྱ་ནག་བཅས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་དང་ལས་འགུལ་བའི་ཚོགས་པ་༡༦༠་ཡིས་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ལྷན་ཚོགས་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་པ་ལས་ཡར་རྒྱས་ཀྱི་རྣམ་པ་མཐོང་རྒྱུ་མེད་པར་བརྟེན་རྩེད་འགྲན་ཚོགས་རྒྱུའི་ལྟ་བ་ལངས་ཕྱོགས་དང་མཐུན་གྱི་མེད་པས་འགྲན་ཚོགས་དེ་རྒྱ་ནག་ལ་གོ་སྒྲིག་བྱེད་དུ་མི་འཇུག་པའི་རེ་འབོད་ཞུ་ཡིག་འབུལ་བ་དང་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད།

གསར་འགོད་པ། དབྱངས་སྒྲོན། ཚེ་དབང་ནོར་བུ། དབྱངས་སྒྲོལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎