རྒྱ་གར་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ར་ཤེ་ཡ་ནས་ཟུར་དུ་མཇལ་མོལ་གནང་འདུག

འདི་ཚེས་༢༣་རེས་གཟའ་ལྷག་པ་ཉིན་རྒྱ་གར་གྱི་སྲིད་བློན་(Narendra Modi)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ར་ཤེ་ཡའི་གྲོང་ཁྱེར་(Kazan)་འཚོགས་པའི་(BRICS)་ཞེས་པའི་རྒྱལ་ཁག་ལྔའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཀྱི་ཞོར་དུ་ཟུར་མཇལ་གནང་ཡོད་པ་དང་། མཇལ་འཕྲད་སྐབས་དབུ་ཁྲིད་རྣམ་གཉིས་བཀའ་མོལ་གནང་བ་བརྒྱུད་རྒྱ་དཀར་ནག་གཉིས་བར་འབྲེལ་ལམ་ཡར་རྒྱས་དང་ཕན་ཚུན་མཉམ་ལས་བྱས་ནས་ས་མཚམས་ནས་གདོང་ཐུག་བྱུང་བ་སོགས་ལ་བརྟེན་ནས་འབྲེལ་ལམ་ཡག་པོ་མེད་པར་ཆགས་ཡོད་པ་དེ་སླར་གསོ་ཡོང་ཐབས་བྱེད་རྒྱུར་མོས་མཐུན་བྱུང་ཡོད་པ་སོགས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་གནས་ཚུལ་སྤལེ་འདུག་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་གར་གྱི་སྲིད་བློན་(Narendra Modi)་ལ་རྒྱ་དཀར་ནག་གཉིས་ཀྱིས་མཉམ་དུ་འབྲེལ་ལམ་སོགས་ཀྱི་ཐད་ལས་དོན་མ་འདྲ་བ་ཞིག་བྱེད་འོས་བ་སོགས་བརྗོད་ཡོད་འདུག
ད་ཐེངས་རྒྱ་གར་གྱི་སྲིད་བློན་(Narendra Modi)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་མཇལ་འཕྲད་གནང་བ་དེ་ནི་མི་ལོ་ལྔའི་རྗེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཉིན་ཤས་གོང་རྒྱ་དཀར་ནག་གཉིས་ཀྱིས་འཕགས་བོད་ས་མཚམས་ཀྱི་གནད་དོན་དང་ས་མཚམས་དམག་དཔུང་འགྲེམས་འཇོག་བྱེད་ཕྱོགས་བཅས་ཀྱི་ཐད་གྲོས་མོལ་ཞི་འགྲིག་བྱུང་བའི་རྗེས་སུ་མཇལ་འཕྲད་བྱུང་བ་ཞིག་ཡིན་པ་རེད།

དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་བར་མཇལ་འཕྲད་མ་བྱུང་བར་ལོ་མང་པོ་ཕྱིན་ཡོད་པ་དང་། འདས་བའི་ལོ་གཉིས་གསུམ་ནང་རྒྱ་དཀར་ནག་གཉིས་བར་ཀྱི་འབྲེལ་བའི་གནས་སྟངས་ཡག་པོ་མེད་པར་ཆགས་ཡོད་དུས། ད་ཐེངས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་བརྒྱུད་རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་དང་ལྷག་པར་ཚོང་འབྲེལ་གྱི་འབྲེལ་ལམ་སོགས་སླར་གསོ་ཡོང་བའི་རེ་བ་བྱེད་བཞིན་པ་རེད། ཡིན་ན་ཡང་མཇལ་འཕྲད་དེ་ནི་ལོ་ལྟར་འཚོགས་བཞིན་པའི་(BRICS)་ཞེས་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཀྱི་ཞོར་དུ་ཟུར་མཇལ་གནང་ཡོད་དུས། གལ་ཆེ་ཤོས་དེ་རྒྱ་ནག་དང་ར་ཤེ་ཡའི་བར་གྱི་འབྲེལ་བའི་གནས་སྟངས་དེ་རེད་ཅེས་དང་། རྒྱ་དཀར་ནག་བར་གྱི་དཀའ་རྙོག་ཆེ་ཤོས་དེ་ས་མཚམས་ཀྱི་དཀའ་རྙོག་ཙམ་མིན་པར། རྒྱལ་ཁབ་གཉིས་ཀྱིས་ཨེ་ཤེ་ཡའི་གླིང་ཕྲནནང་ཤུགས་རྐྱེན་དང་། ས་ཁམས་སྲིད་དོན་འཐབ་ཇུས་ཀྱི་འགྲན་བསྡུར་དེ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་ཁང་ལ་གསུངས་བྱུང་།
ཕྱི་ལོ་༢༠༢༠ལོའི་ཟླ་བ་དྲུག་པའི་ནང་རྒྱ་གར་དང་རྒྱ་ནག་བར་ལ་དྭགས་ཀྱི་ས་མཚམས་གྷལ་ཝན་(Galwan)་ལུང་གཤོངས་ནང་དྲག་པོའི་གདོང་ཐུག་དེ་མ་བྱུང་སྔོན་༢༠༡༩ལོའི་ཟླ་བ་༡༠པའི་ནང་རྒྱ་གར་གྱི་སྲིད་བློན་(Modi)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་(Tamil Nadu)་མངའ་སྡེའི་གྲོང་ཁྱེར་(Mahabalipuram)་དུ་མཇལ་འཕྲད་གནང་པའི་རྗེས། ཕྱི་ལོ་༢༠༢༢ ལོར་རྒྱ་དཀར་ནག་གི་དབུ་ཁྲིད་རྣམ་གཉིས་(Indonesia)་རྒྱལ་ཁབ་ཀྱི་(Bali)་མཚོ་གླིང་དུ་(G20)་ཞེས་པའི་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་མཇལ་འཛོམས་དང་། དེའི་རྗེས་ཕྱི་ལོ་༢༠༢༣ལོར་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་(Johannesburg)་ནང་མཇལ་འཛོམས་བྱུང་ཡོད་ཀྱང་ཟུར་མཇལ་གྲོས་མོལ་སོགས་བྱུང་མེད་པ་རེད།
ཕྱི་ལོ་༢༠༢༠ལོར་རྒྱ་དཀར་ནག་གཉིས་ནས་ལ་དྭགས་ཀྱི་གྷལ་ཝན་ལུང་ཁུལ་དུ། ཕྱོགས་གཉིས་ཀྱི་དམག་དཔུང་བར་གདུང་ཐུག་དང་དམག་མིར་ཤི་སྐྱོན་སོགས་ཀྱི་གནད་དོན་དང་འབྲེལ། ཕྱོགས་གཉིས་ནས་ས་མཚམས་ཁུལ་དུ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་དང་། རྒྱ་དཀར་ནག་གཉིས་ནས་འདས་པའི་ལོ་ངོ་བཞི་རིང་ས་མཚམས་རྩོད་རྙོག་གི་གནད་དོན་ཞི་འགྲིག་མ་ཐུབ་པར་ལྷག་ཡོད་རྐྱེན། ཕྱོགས་གཉིས་ཀྱི་དམག་དཔུང་དང་མཐོ་རིམ་འགོ་ཁྲིད་བར་གྲོས་མོལ་ཐེངས་མང་བྱས་ཀྱང་ད་བར་གྲུབ་འབྲས་དམིགས་བསལ་སོན་མེད་པ་རེད་ལ། འདས་པའི་ལོ་ངོ་བཞིའི་རིང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དང་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་འབྲེལ། རྒྱ་གར་གྱིས་རྒྱ་ནག་གི་ཁ་པར་མཉེན་ཆས་མང་པོ་བཀག་འགོག་དང་། རྒྱ་ནག་གི་ཚོང་ཟོག་བཙོང་མཚམས་འཇོག་ཡོད་ཅིང་། ཕྱོགས་གཉིས་ཀས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་བ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་ཐབས་མུ་མཐུད་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།