རྒྱ་ནག་གཞུང་མ་དགའ་བའི་ངང་སྐྱོན་བརྗོད་བྱས་འདུག
2017.05.10
རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་ཕེབས་ནས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པར་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་བསྟན་འདུག
དེ་ཡང་Reuters གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་ ༥ ཚེས་༡༠་རེས་གཟའ་ལྷག་པའི་ཉིན་གྱི་རྒྱ་ནག་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Geng Shuang གིས། ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་ཏེ་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པའི་གནད་དོན་སྐོར་བརྗོད་སྐབས། ཏཱ་ལའི་བླ་མ་ནི་ཆོས་གོས་བེད་སྤྱོད་བྱས་ནས་རྒྱ་ནག་ཁ་བྲལ་ཀྱི་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་ཆབ་སྲིད་ཀྱི་སྐྱབས་བཅོལ་མི་སྣ་ཞིག་རེད་ཅེས་དང་། ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་སྐུ་ཚབ་མི་སྣས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་བྱས་པ་དེས་བོད་ཀྱི་རང་བཙན་ཐད་འཛམ་གླིང་ལ་ལན་བརྡ་ནོར་བ་ཞིག་བཏང་པ་མ་ཟད། ཨ་རིས་བོད་ཀྱི་ལངས་ཕྱོགས་ཐད་ལ་རྒྱབ་འགལ་ཡང་སོང་ཡོད་པར་བརྟེན། རྒྱ་ནག་གིས་དེའི་ཐད་ངོ་རྒོལ་ཡོད་པས་ཨ་རི་དང་དོ་གལ་ཆེན་པོའི་ཐོག་ནས་འབྲེལ་གཏུགས་ཀྱང་བྱས་ཡོད་ཅེས་བརྗོད་འདུག
ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་མུ་མཐུད། ང་ཚོས་ཨ་རིའི་འབྲེལ་ཡོད་ཀྱི་གྲོས་ཚོགས་འཐུས་ཚོར་བོད་ཀྱི་གནད་དོན་ཐད་ཡིད་གཟབ་ཀྱི་ཐོག་ནས་འཆང་དགོས་པ་དང་། ཏཱ་ལའི་བླ་མ་དང་འབྲེལ་བ་ཡོངས་སུ་མཚམས་འཇོག་དགོས་པ། ཐེངས་འདིའི་འཚམས་གཟིགས་ཀྱི་ཐོག་ནས་འབྱུང་འབྲས་ངན་པ་བཟོས་པ་དེ་དག་ལ་འཕྲལ་དུ་གདོང་ལེན་བྱེད་དགོས་ཀྱི་རེད་ཅེས་ཉེན་བརྡ་བཏང་འདུག
ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་། སྤྱི་ཚེས་༩་ནས་༡༠་བར་བཞུགས་སྒར་རུ་འཚམས་གཟིགས་ཕེབས་ཏེ་༧གོང་ས་མཆོག་དང་ཐུགས་ཉེ་པོའི་ཐོག་ནས་མཇལ་འཕྲད་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་། གྲོས་ཚོགས་བཅས་སུ་འཚམས་གཟིགས་གནང་ཡོད་པ་དང་། སྤྱི་ཚེས་༡༠་ཉིན་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ཐོག་ཁོང་རྣམ་པར་ཆེ་བསྟོད་ཀྱི་མཛད་སྒོ་རྒྱས་པོ་ཞིག་བསྐོང་ཚོགས་ཡོད་པ་རེད།
གསར་འགོད་པ་གུ་རུ་ཆོས་སྐྱིད།