འཇར་མན་གྱི་དབུ་ཁྲིད་ཀྱིས་པེ་ཅིང་ནས་ཡོངས་གྲགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མ་གླེང་བར་བོད་དོན་རྒྱབ་སྐྱོར་བ་ཚོས་བློ་ཕམ་གནང་བཞིན་འདུག

འཇར་མན་གྱི་དབུ་ཁྲིད་(Olaf Scholz)་ལགས་ཀྱིས་ད་རེས་རྒྱ་ནག་ཏུ་འཚམས་གཟིགས་སྐབས་བོད་རྒྱའི་དཀའ་རྙོག་གི་གནད་དོན་སོགས་ཀྱི་སྐོར་ཡོངས་གྲགས་སུ་གླེང་སློང་མ་གནང་བ་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བློ་ཕམ་གནང་བཞིན་པ་དང་། དུས་མཚུངས་དེའི་སྐོར་ཡོངས་གྲགས་མ་གནང་ན་ཡང་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་སྐབས་ནང་ཁུལ་གླེང་སློང་གནང་ཡོད་པའི་རེ་བ་གནང་བཞིན་འདུག
འཇར་མན་གྱི་དབུ་ཁྲིད་(Olaf Scholz)་ལགས་ཀྱིས་ཉེ་ཆར་རེས་གཟའ་སྤེན་པ་ནས་ཉིན་གྲངས་གསུམ་གྱི་རིང་རྒྱ་ནག་ཏུ་འཚམས་གཟིགས་གནང་ཡོད་པ་དང་། སྐབས་དེར་གཙོ་བོ་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་སྐོར་བཀའ་བསྡུར་གནང་བ་ལས། སྤྱི་ཟླ་༤པའི་ཚེས་༡༦ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་ཁབ་གཉིས་ཀྱི་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག་བོད་དོན་སྐོར་སོགས་ཡོངས་གྲགས་ཐོག་གང་ཡང་གླེང་མེད་པ་རེད།
ཁོང་རྒྱ་ནག་ཏུ་འཚམས་གཟིགས་མ་གནང་གོང་། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་དང་ཤར་ཐུར་ཀིསུ་ཐན། ཧོང་ཀོང་བཅས་གཙོས་བའི་འགྲོ་བ་མིའི་ཐོབ་ཐང་གི་གདན་དོན་རྒྱ་ནག་གི་དཔོན་རིགས་ཚོ་དང་མཉམ་དུ་གླེང་སློང་དགོས་པའི་འབོད་སྐུལ་སྙན་ཞུ་སོགས་ཕུལ་ཡོད་པ་རེད། གནད་དོན་དེའི་ཐད་འཇར་མན་གྱི་རྒྱལ་ས་(Berlin)་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་(Kai Muller)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ང་ཚོས་འབོད་སྐུལ་སྙན་ཞུ་ཕུལ་བ་ལྟར། ད་རེས་འཇར་མན་གྱི་དབུ་ཁྲིད་(Olaf Scholz)་ལགས་རྒྱ་ནག་ཏུ་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་བོད་དང་། ཤར་ཐུར་ཀིསུ་ཐན། ཧོང་ཀོང་སོགས་ཀྱི་གནད་དོན་རྒྱ་ནག་གི་དཔོན་རིགས་མཉམ་དུ་གླེང་སློང་རྒྱུའི་རེ་བ་བྱས་པ་ཡིན། ཡིན་ནའང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཇར་མན་གྱི་དབུ་ཁྲིད་(Olaf Scholz)་དང་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་གཉིས་ཀྱིས་སྤེལ་བའི་ཟུང་འབྲེལ་བསྒྲགས་གཏམ་ནང་གོང་ཞུས་གནད་དོན་དེ་དག་སྐོར་གང་ཡང་བཀོད་མེད་པས། ང་ཚོར་བློ་ཕམ་ཆེན་པོ་བྱུང་། ཡིན་ནའང་འཇར་མན་གྱི་དབུ་ཁྲིད་(Olaf Scholz)་ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་སྐབས་སུ་བོད་རྒྱའི་དཀའ་རྙོག་སོགས་ཀྱི་གནད་དོན་གླེང་སློང་གནང་ཡོད་པའི་རེ་བ་ཡོད་ཅེས་གསུངས་བྱུང་།
ཡང་(Tibet Initiative Deutschland)་ཞེས་པའི་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁབ་འགན་འཛིན་བསྟན་འཛིན་ལོན་ཌ་ལགས་ཀྱིས་ཀྱང་། འཇར་མན་གྱི་དབུ་ཁྲིད་(Olaf Scholz)་རྒྱ་ནག་ཏུ་འཚམས་གཟིགས་སྐབས་ཀྱི་གསར་འགོད་གསལ་བསྒྲགས་ནང་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་གླེང་སློང་མ་གནང་བ་དེར་བློ་ཕམ་དང་བཅས། ཚོགས་པ་དེའི་ངོས་ནས་བསྒྲགས་གཏམ་སྤེལ་བའི་ནང་དུ། འཇར་མན་གྱི་དབུ་ཁྲིད་(Olaf Scholz)་ལགས་ཀྱིས་ད་རེས་རྒྱ་ནག་ནང་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་ཐང་གནད་དོན་ལས་ཚོང་འབྲེལ་གལ་འགངས་ཆེ་བར་བརྩིས་པ་དེ་ནི། སྔ་ལོ་ཁོང་གིས་སྣེ་ཁྲིད་པའི་འཇམ་མན་གཞུང་འཛིན་གྱིས་རྒྱ་ནག་ལ་བརྟེན་ན་ཉེན་ཁ་ཡོད་པ་ཁག་ལ་གདོང་ལེན་བྱེད་རྒྱུའི་དགོས་འདུན་ཁག་འགྲུབ་མེད་པ་སོགས་ཀྱི་ཐད་མང་ཚོགས་ནས་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་པ་ཁག་བཀོད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
འཇར་མན་གྱི་དབུ་ཁྲིད་(Scholz)་ལགས་ད་རེས་རྒྱ་ནག་ནང་ཉིན་གྲངས་གསུམ་རིང་འཚམས་གཟིགས་ལ་ཕེབས་ཡོད་པ་དེ་ནི་སྔ་ལོ་ཁོང་གིས་དབུ་ཁྲིད་པའི་འཇར་མན་གཞུང་འཛིན་གྱིས་རྒྱ་ནག་ནས་དངོས་ཟོག་ཚད་ལས་བརྒལ་བ་ནང་འདྲེན་བྱ་རྒྱུར་གཡོལ་རྒྱུ་དང་། གང་ལྟར་ཚོང་འབྲེལ་ཐད་ཉེན་ཁ་གཅོག་ཁྲིའི་ཐབས་ཇུས་འགོ་འཛུགས་བྱས་པའི་རྗེས་སུ་རྒྱ་ནག་ནང་འཚམས་གཟིགས་ལ་ཕེབས་པ་ད་རེས་ཐེངས་པོ་དེ་ཡིན་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།