རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁོར་ཡུག་ཚན་པ་གསར་འཛུགས་གནང་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་གནང་པ།
ཟླ་ ༡༡ ཚེས་ ༢༩ ཉིན་བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། རྡ་ས་ས་གནས་འགོ་མཛིན་ལས་ཁུངས་ཀྱི་ཁོར་ཡུག་ཚན་པ་གསར་འཛུགས་གནང་ནས་མོ་ལོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་སོང་བ་དང་། སྐུ་མགྲོན་གཙོ་བོར་བཞུགས་སྒར་རྡ་རམ་ས་ལའི་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ (Onkar Nehria) ལགས་ཆེད་ཕེབས་ཀྱིས། རྡ་ས་ས་གནས་འགོ་འཛིན་གྱི་ཁོར་ཡུག་གཙང་བཟོའི་ལས་གཞི་དེས་རྡ་སའི་ཁོར་ཡུག་གཙང་བཟོ་དང་སྲུང་སྐྱོབ་ཐད་ཕན་ཐོགས་ཆེན་པོ་བྱུང་ཡོད་པས་རྡ་ས་ས་གནས་འགོ་འཛིན་ལ་ཐུགས་རྗེ་ཆེ་ཞེས་ཞུས་སོང་།
གཞན་ཡང་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ནས། རྡ་ས་ས་གནས་འགོ་འཛིན་གྱི་ཁོར་ཡུག་ཚན་པས་ལོ་ངོ་ ༣༠ རིང་༸རྒྱལ་བའི་བཀའ་དགོངས་བཞིན་ཁོར་ཡུག་གཙང་བཟོ་སོགས་ཀྱི་ཐད་སྐུ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུ་དང་། ད་བར་བོད་མིའི་སྒྲིག་འཛུགས་ནས་ཁོར་ཡུག་ཚན་པར་མཐུན་འགྱུར་རོགས་རམ་གནང་ཡོད་པ་དེ་བཞིན་མུ་མཐུད་རྒྱུན་འཁྱོང་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང།
རྡ་ས་ས་གནས་འགོ་འཛིན་གྱི་ཁོར་ཡུག་ཚན་པས་བཞུགས་སྒར་དུ་ཡོད་པའི་གད་སྙིགས་རྣམས་བསྐྱར་བཟོའི་ལམ་སྤྱི་ཚོགས་ཞབས་འདེགས་སྒྲུབ་བཞིན་ཡོད་པ་དེའི་དམིགས་ཡུལ་གཙོ་བོ་ནི། ༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་ཙམ་དུ་མ་ཟད། བོད་ནས་གསར་དུ་འབྱོར་བའི་མི་རྣམས་ལ་གཞི་རྩའི་ལས་ཀའི་གོ་སྐབས་བསྐྲུན་ཆེད་དུ་ཡིན་པ་ནི། ཚོགས་པ་སྐྱིད་སྡུག་གཞན་རྣམས་ཀྱི་ཕྱག་ལས་གནང་ཕྱོགས་དང་མི་འདྲ་བ་ཡིན་ཞེས། རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་། མ་ཟད་ཁོང་གིས་གསུངས་ན། ཐེངས་འདིའི་རྡ་ས་ས་གནས་འགོ་འཛིན་འོག་ཁོར་ཡུག་ཚན་པ་གསར་བཙུགས་བྱས་ནས་ལོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། ལས་གཞི་དེའི་ནང་ཕྱག་ལས་གནང་མཁན་ལས་མི་རྣམས་ལ་རང་རེའི་སྤྱི་ཚོགས་ངོས་ནས་དཔལ་འབྱོར་མཐུན་འགྱུར་སོགས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུའི་རེ་བ་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་པ་སངས་ལགས་ཀྱིས། ཁོར་ཡུག་ཚན་པའི་ལས་གཞི་གཙོ་བོ་ནི་ཁོར་ཡུག་གཙང་བཟོ་དང་ཤོག་བུ་བསྐྱར་བཟོ་ཡིན་པས། ལས་གཞི་དེའི་ཐོག་གནས་སྡོད་མི་མང་ནས་ཤོག་བུ་བསྐྱར་བཟོ་ལས་སྒྲུབ་པའི་ཐོན་རྫས་སོགས་གང་མང་གཟིགས་རྒྱུ་དང་ཁོར་ཡུག་གཙང་བཟོ་སྐབས་མཉམ་ཞུགས་གནང་བ་ཡིན་ན་དེ་ནི་ང་ཚོར་རྒྱབ་སྐྱོར་ཆེ་ཤོས་ཤིག་ཆགས་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
རྩ་བའི་ཐེངས་འདིའི་ཁོར་ཡུག་ཚན་པ་དེའི་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་བརྩིའི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ཚོགས་མི་སོགས་མི་གྲངས་མི་ཉུང་བ་ཞིག་ནས་ལྷན་བཞུགས་གནང་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།