རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ལས་བྱེད་དང་༧གོང་ས་མཆོག་མཇལ་མོལ།
2019.07.03
རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ལས་བྱེད་ཁག་ཅིག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༣་ཉིན། བཞུགས་སྒར་ཕོ་བྲང་དུ་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ལས་བྱེད་ཉི་ཤུ་རྩ་དྲུག་སྐོར་ཞིག་ལ་མཇལ་ཁ་སྩལ་གནང་མཛད་འདུག་ལ་མཇལ་ཁ་གྲུབ་མཚམས། སྣེ་ཁྲིད་པ་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ངེས་སྟོན་པ་གཞོན་པ་ལྕམ་སང་སྒི་ཏ་གྷོ་ཡལ་ལགས་ཀྱིས། ང་ཚོ་ཚང་མ་ཧ་ལས་པས་དགའ་ཚོར་ཆེན་པོ་བྱུང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་གི་ཆོས་ལུགས་དབུ་ཁྲིད་སྙན་གྲགས་ཆེ་ཤོས་ཤིག་ཡིན་པ་དང་། ༧གོང་ས་མཆོག་གིས་སྤྱི་ཚོགས་དང་། ཁོར་ཡུག་སོགས་འཛམ་གླིང་འདིར་རླབས་ཆེན་གྱི་ཞབས་འདེགས་གྲུབ་གནང་ཡོད། ༧གོང་ས་མཆོག་གི་དྲུང་ནས་བསླབ་བྱ་མང་པོ་ཞིག་ཞུ་ཡག་ཡོད་སྟབས། ང་ཚོར་སོ་སོའི་མི་ཚེའི་ནང་གི་གོ་སྐབས་བཟང་པོ་ཞིག་དང་། རྨི་ལམ་མངོན་གསལ་ཞིག་གྲུབ་པ་ལྟ་བུ་བྱུང་ཞེས་གསུངས་འདུག
རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ལས་འཆར་འགན་འཛིན་ཝི་ཇན་རྡར་སཇཱ་ཝན་ལགས་ཀྱིས། ང་ཚོས་ཞིང་པ་ཚོར་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད་པར་སོང་། ཞིང་པ་ཚོར་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སོ་ནམས་འདེབས་ལས་དང་སྐྱེ་ལྡན་སོ་ནམ་ཐོག་འགྲོ་དགོས་པའི་སྐོར་གོ་རྟོགས་ཀྱི་ལས་གཞི་སྤེལ་ཕྱོགས་དང་འབྲེལ་བའི་ཐད་རྡ་ས་བཅར་བ་ཞིག་ཡིན་སྟབས། ད་རེས་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་འདི་དགའ་ཚོར་ཆེན་པོ་བྱུང་བ་གསུངས་འདུག