༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་འཇོ་ལི་བྷར་མན་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་འཇོ་ལི་བྷར་མན་(Joe Lieberman)་ལགས་དགུང་གྲངས་༨༢ཐོག་འདི་ཚེས་༢༧ཉིན་གློ་བུར་དུ་ནིའུ་ཡོག་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ནང་དགོངས་པ་རྫོགས་པར་ཁོང་གི་ཤུལ་ལུས་སྐུ་ཟླ་དང་། ནང་མི་ཚོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༢༨་ཉིན་ཐུགས་གསོའི་འཚམས་འཕྲིན་སྩལ་གནང་ཡོད་པ་རེད། དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྤྱི་ཁྱབ་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ༧གོང་ས་མཆོག་གིས་དམ་པ་དེའི་སྐུ་ཟླ་(Hadassah)་ལགས་ཀྱི་མཚན་ཐོག་སྩལ་བའི་འཚམས་འཕྲིན་དེའི་ནང་། སྐུ་ཉིད་ཀྱི་སྐུ་ཟླ་དགོངས་པ་རྫོགས་པར་ཐུགས་ཕམ་བྱུང་ལ་ཁྱེད་དང་ནང་མི་ཚོར་ཐུགས་གསོ་དང་སྨོན་ལམ་ཡོད། སྐུ་ཞབས་འཇོ་ལི་བྷར་མན་དམ་པ་ཁོང་རྒྱུན་རིང་ནས་རྒྱུས་མངའ་ཡོད་ལ་ཐེངས་འགའ་ཤས་མཇལ་མྱོང་ཡོད། ཁོང་གིས་བོད་ཀྱི་བདེན་པའི་ཞི་བའི་འཐབ་རྩོད་ལ་ཆེ་མཐོང་དང་གུས་བརྩི་རྒྱབ་སྐྱོར་གནང་བར་ང་ཚོས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོ་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་མཛད་རྗེས་ཅན་གྱི་མི་སྣ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་བཀའ་སྩལ་ཡོད་འདུག
སྐུ་ཞབས་ཁོང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་སྐབས། ཨ་རིའི་གྲོས་ཚོགས་ནང་བཞུགས་རྒྱུན་རིང་བོད་དང་བོད་མིའི་བདེན་དོན་སེལ་ཐབས་དང་། རྒྱ་ནག་གཞུང་གིས་བོད་ནང་སྤེལ་བའི་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཡོང་ཐབས་སུ། དེ་སྔ་ཕྱི་ལོ་༢༠༡༢ལོར་གྲོས་ཚོགས་གོང་མའི་ནང་། ལྕམ་ཌན་ཧྥན་སི་ཊན་དམ་པ་དང་། གཞན་ཡང་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཉམ་རྒྱ་ནག་ལ་ངོ་རྒོལ་གྱི་ཁྲིམས་འཆར་བཏོན་གནང་ཏེ། བོད་དོན་རྒྱབ་སྐྱོར་གནང་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༡༢་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་སྟེ་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩིའི་ཉིན་མོ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་དང་བསྟུན་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་(Global Day of Action for Tibet)་ཞེས་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་སྲུང་བརྩི་ཞུས་བའི་སྐབས། གྲོས་ཚོགས་འཐུས་མི་དམ་པ་འཇོ་ལི་བྷར་མན་མཆོག་གིས་གསུང་འཕྲིན་ཞིག་གནང་ཡོད་པ་དེའི་ནང་། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཡོད་ལ་ངོས་རང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་རྒྱུའི་གོ་སྐབས་ཡང་སེ་བྱུང་ལ་ཁོང་གི་ལམ་སྟོན་དང་། ལྷག་པར་དུ་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ལ་གསོལ་རས་གནང་རྒྱུའི་དགོངས་གཞི་ནི་རླབས་ཆེན་གྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མཛད་རྗེས་ཞིག་ལ་ངོས་འཛིན་བཞིན་ཞུ་ཆོག་པ་རེད་ལ་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ་བཞིན་ཡོད། འདི་ལྟ་བུའི་ཐག་གཅོད་དེས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དང་བོད་མིའི་འཐབ་རྩོད་ལ་ཆེ་མཐོང་དང་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། ད་དུང་ཁོང་གིས་ད་ལྟ་བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་མི་ཚོ་དཀའ་སྡུག་མྱོང་བཞིན་པར་ཐུགས་ཚབས་ཆེན་པོ་ཡོད་ལ། དམིགས་བསལ་བོད་ནང་གི་བོད་མི་ཚོས་དཀའ་སྡུག་ལ་མི་བཟོད་པར་བདེན་པའི་མཐའ་སེལ་ཐབས་སུ་རང་གི་ལུས་སྲོག་ཚུན་ཆད་ཀྱང་མེར་སྲེག་བཏང་དང་གཏོང་བཞིན་པར་ཧ་ཅང་བློ་ཚབས་འདུག འོན་ཀྱང་ཉིན་ཞིག་ལ་བདེན་མཐའ་གསལ་གྱི་རེད་ལ། ང་ཚོ་ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐད་མུ་མཐུད་དུ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་གི་རེད་ཅེས་གསུངས་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དམ་པ་ཁོང་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཡོད་མཁན་དང་། གྲོས་ཚོགས་ནང་བཞུགས་རྒྱུན་རིང་བོད་དོན་ཐོག་ཐུགས་འཁུར་ཆེན་པོས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག
གྲོས་ཚོགས་འཐུས་མི་སྐུ་ཞབས་ལི་བྷར་མན་དམ་པ་ཁོང་ཕྱི་ལོ་༡༩༤༢ལོར་ཨ་རིའི་ཤར་ཕྱོགས་མངའ་སྡེ་(Connecticut)་ནང་གི་འཇིའུ་མི་རིགས་ཀྱི་ཁྱིམ་ཚང་ཞིག་གི་ནང་སྐུ་འཁྲུངས་ཡོད་པ་དང་། ཕྱི་ལོ་༡༩༧༠་ལོར་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་བྱུང་ཏེ། ལོ་ངོ་བཅུ་ཙམ་རིང་ཨ་རིའི་གྲོས་ཚོགས་ནང་མཚན་གནས་འདྲ་མིན་ཐོག་ཐུགས་འགན་བཞེས་ཡོད་པ་རེད་། དེ་ནས་རིམ་བཞིན་ཕྱི་ལོ་༡༩༨༨ལོར་ཨ་རིའི་དབུས་གྲོས་ཚོགས་གོང་མའི་འཐུས་མིར་འདེམས་ཐོན་གྱིས་ཕྱི་ལོ་༢༠༡༣བར་ལོ་ངོ་ཉི་ཤུ་རྩ་བཞི་ལྷག་ཙམ་རིང་འཐུས་མི་ཙམ་མ་ཡིན་པར་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་གཙོས་ཐུགས་འགན་མང་དག་ཞིག་བཞེས་མྱོང་ཡོད་འདུག་ལ། ཕྱི་ལོ་༢༠༠༠ལོར་སྐབས་དེའི་སྲིད་འཛིན་འོས་བསྡུའི་སྐབས་སྐུ་ཞབས་(Al Gore)་ལགས་སྲིད་འཛིན་འོས་མིའི་འགྲན་རྩོད་ནང་ཞུགས་པའི་སྐབས། ཁོང་སྲིད་འཛིན་གཞོན་པའི་འོས་མིར་བཞེངས་པ་ནི་འཇིའུ་མི་རིགས་ཞིག་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མིར་བཞེངས་པ་ལོ་རྒྱུས་ནང་ཐོག་མ་དེ་ཆགས་ཡོད་པ་རེད་འདུག
དེ་བཞིན་དམ་པ་ཁོང་དགོངས་པ་རྫོགས་པར་ཨ་རིའི་སྲིད་འཛིན་ཟུར་པ་(George W Bush)་མཆོག་དང་། སྲིད་འཛིན་གཞོན་པ་ཟུར་པ་(Al Gore)་རྣམ་གཉིས་ཀྱིས་ཐུགས་གསོའི་གསུང་འཕྲིན་གནང་ནས། དམ་པ་ཁོང་གིས་གྲོས་ཚོགས་འཐུས་མིའི་ཐུགས་འགན་བཞེས་པའི་སྐབས་དྲང་བདེན་དང་ཕྱོགས་སུ་མ་ལྷུང་བ། ཚོགས་པ་ལས་རྒྱལ་ཁབ་གལ་ཆེ་བ་བརྩིས་གནང་མཁན་གྱི་སྐྱེས་བུ་ཞིག་རེད་ཅེས་བསྔགས་བརྗོད་གནང་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།