སྡེ་དགེའི་སྐམ་ཐོག་གློག་ཁང་གསར་རྒྱག་གི་གནས་སྟངས་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སེམས་ཚབས་ཡོད་པ་བསྟན་འདུག

འཇར་མན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་དང་ཞུ་གཏུག་འགན་འཛིན་བསྟན་འཛིན་དཔལ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཁོང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ཁམས་སྡེ་དགེ་ཁུལ་དུ་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་གི་ལས་གཞིའི་ཐད་ཉམས་ཞིབ་བྱས་སྐབས་སྡེ་དགེ་སྐམ་ཐོག་ཁུལ་གྱི་ཆུ་ཤུགས་གློག་འདོན་ས་ཚིགས་དེ་གཅིག་པུ་མིན་པར་རྒྱ་ནག་གཞུང་གིས་བོད་ནང་གི་གཙང་ཆུ་འདྲ་མིན་ཐོག་ཆུ་ཤུགས་གློག་འདོན་ས་ཚིགས་གསར་པ་༡༥༠ཙམ་རྒྱག་རྒྱུའི་འཆར་གཞི་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་དུ་མ་ཟད། ཆུ་མཛོད་གློག་ཁང་གསར་པ་རྒྱག་རྒྱུའི་ལས་འཆར་དེའི་འོག་བོད་མི་འབུམ་གཅིག་ལྷག་ཙམ་བཙན་དབང་གིས་གནས་སྤོ་བྱེད་འཇུག་རྒྱུའི་འཆར་གཞི་ཡོད་པ་དང་། ཆུ་ཤུགས་གློག་འདོན་ས་ཚིགས་ཁག་གི་གློག་ཤུགས་དེ་རྒྱ་ནག་གི་ཞིང་ཆེན་ཁག་ཏུ་ཁྲིད་རྒྱུའི་ཆེད་དུ་ཡིན་པ་ལས་ས་གནས་བོད་མི་རྣམས་ལ་ཕན་ཐོགས་མེད་པ་དེ་ཤེས་རྟོགས་བྱུང་པ་ལ་བརྟེན་ནས། གནས་ཚུལ་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མི་མང་ལ་གསལ་སྟོན་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་པ་མཐོང་ནས་ད་རེས་ཀྱི་སྡེ་དགེ་དང་འབྲེལ་བའི་སྙན་ཐོ་དེ་བཏོན་ཡིན་པ་གསུངས་བྱུང་།
འཇར་མན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་ཆར་སྤྱི་ཟླ་༤པའི་ཚེས་༣༠ཉིན་ཉམས་ཞིབ་ཀྱི་དཔྱད་རྩོམ་ཞིག་སྤེལ་བའི་ནང་། ཟླ་བ་གཉིས་ཙམ་གྱི་གོང་སྟེ་སྤྱི་ཟླ་གཉིས་པའི་ཚེས་༡༤ཉིན། བོད་ཀྱི་ཁམས་སྡེ་དགེ་ཁུལ་གྱི་བོད་མི་བརྒྱ་ལྷག་ཙམ་ཞིག་སྡེ་དགེ་རྫོང་གི་ས་གནས་རྒྱ་ནག་གི་ལས་ཁུངས་མདུན་དུ་འདུ་འཛོམས་ཀྱིས་ཞི་བའི་ཐོག་ནས་སྡེ་དགེ་སྐམ་ཐོག་ཏུ་རྒྱ་ནག་གཞུང་གིས་སྐམ་ཐོག་གློག་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་གི་ལས་གཞིར་ས་གནས་བོད་མི་ཚོས་མོས་མཐུན་མེད་པ་དང་། ཆུ་ཤུགས་གློག་འདོན་ས་ཚིགས་གསར་བསྐྲུན་བྱས་པའི་རྐྱེན་པས་ས་གནས་ཀྱི་གྲོང་པ་གཉིས་ཀྱི་མི་མང་དང་དགོན་པ་དྲུག་ཙམ་གནས་སྤོ་བྱེད་དགོས་པ་དང་། ཆུ་མཛོད་དེའི་རྐྱེན་པས་གཤམ་འོག་དགོན་གྲོང་ཁག་ཅིག་ཆུའི་འོག་ཏུ་ཐིམ་རྒྱུ་ཡིན་པ་བཅས་ཀྱི་ཐད་མི་མང་གིས་སེམས་ཚབས་དང་བཅས་ཞུ་འབོད་བྱས་སྐབས། རྒྱ་ནག་གི་ཉེན་རྟོག་པས་བོད་མི་ཆིག་སྟོང་ཙམ་དོ་དམ་བྱས་པ་དང་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་ནས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་སྡེ་དགེ་ས་གནས་ཀྱི་གནས་སྟངས་ལ་མུ་མཐུད་དུ་སེམས་ཚབས་བྱེད་བཞིན་ཡོད་པ་དང་། སྐམ་ཐོག་ཆུ་ཤུགས་གློག་ཁང་གི་ལས་གཞི་དེའི་གནས་སྟངས་གང་འདྲ་ཆགས་མིན་གྱི་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་པས། རྒྱ་ནག་གཞུང་གིས་བོད་ནང་དེ་ལྟ་བུའི་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞི་གཞན་མང་དག་ཅིག་མུ་མཐུད་སྤེལ་དང་སྤེལ་མུས་ཡིན་པའི་ཐད་ཕྱི་གསལ་ནང་གསལ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག
ཡང་སྙན་ཐོའི་ནང་བོད་ཀྱི་ཁམས་སྡེ་དགེ་རུ་སྐམ་ཐོག་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་རྒྱུའི་ལས་གཞི་དེའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ནང་གི་གཙང་ཆུའི་ཐོག་ཆུ་ཤུགས་གློག་འདོན་ས་ཚིགས་བཟོ་བསྐྲུན་གྱིས་རྒྱ་ནག་ནང་གློག་འདྲེན་རྒྱུ་ཡིན་པ་གསལ་སྟོན་བྱས་འདུག
བོད་ཀྱི་ཁམས་སྡེ་དགེའི་འབྲི་ཆུ་གཙང་པོའི་བརྒྱུད་ཀྱི་སྐམ་ཐོག་ཏུ་ཆུ་ཤུགས་གློག་འདོན་ས་ཚིགས་རྒྱག་རྒྱུའི་ས་ཁུལ་དེ་དག་ནི། ད་ལྟ་རྒྱ་ནག་གིས་འབོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་ས་ཁུལ་གྱི་འཇོ་མདའ་རྫོང་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བ་དང་། དེ་བཞིན་ཤར་ཕྱོགས་སུ་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་བཅས་ཚུད་ཀྱི་ཡོད་པ་དང་། བོད་ནང་རྒྱ་ནག་གཞུང་གིས་གློག་ཤུགས་(gigawatt)་འབུམ་གཅིག་ལྷག་འདོན་ཐུབ་པའི་ཆུ་ཤུགས་གློག་འདོན་ས་ཚིགས་རྒྱག་རྒྱུའི་ལས་གཞི་དེ་ཐོག་མ་སྤྱི་ལོ་༢༠༡༢ལོ་རྒྱ་ནག་རྒྱལ་ཡོངས་འཛུགས་སྐྲུན་དང་བཅོས་བསྒྱུར་ལྷན་ཚོགས་ཀྱིས་ཆོག་མཆན་སྤྲད་ཡོད་པ་རེད། ཡིན་ན་ཡང་ལས་འཆར་དེའི་རྐྱེན་པས་ས་གནས་ཀྱི་བོད་མིའི་དགོན་སྡེ་དྲུག་དང་གྲོང་ཚོ་གཉིས་ཆུའི་འོག་འཐིམ་ཉེན་ཡོད་པས། དགོན་གྲོང་གཉིས་དང་ས་གནས་མི་མང་རྣམས་རྒྱ་ནག་གཞུང་གིས་བཙན་དབང་གིས་གནས་སྤོ་བྱེད་དུ་བཅུག་པའི་འཆར་གཞི་ཡོད་པས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལྡན་པ་དང་བོད་ཀྱི་རིག་གཞུང་གི་ལྟེ་གནས་དང་བོད་མིའི་སྤྱི་ཚོགས་དེ་དག་མེད་པ་ཆགས་ཉེན་ཡོད་པ་དེ་ནི་ཡ་ང་བའི་གནས་ཚུལ་ཞིག་ཡིན་པ་གསལ་སྟོན་གནང་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཆུ་ཤུགས་གློག་ཁང་དང་ཆུ་རག་གསར་རྒྱག་གི་ལས་གཞི་དེ་དག་ཡོངས་ཁྱབ་དུ་མི་འགྲོ་བའི་ཆེད་དུ་ཐབས་ཤེས་འབད་བརྩོན་བྱེད་བཞིན་པ་ཡིན་ན་ཡང་། ད་རེས་བོད་ཀྱི་ཁམས་སྡེ་དགེ་ཁུལ་གྱི་འབྲི་ཆུའི་རྒྱུད་དུ་རྒྱ་ནག་གཞུང་གིས་སྐམ་ཐོག་གློག་ཁང་རྒྱག་རྒྱུའི་ལས་གཞི་དེས་རྒྱ་ནག་གཞུང་གིས་བོད་ནང་གི་གཙང་ཆུ་ཁག་གི་ཐོག་ཆུ་རག་རྒྱག་རྒྱུའི་ལས་གཞི་གཞན་དག་རིམ་བཞིན་ལག་བསྟར་བྱེད་རྒྱུའི་ཉེན་བརྡ་བཏང་བ་ལྟ་བུ་ཞིག་ཡིན་པ་བཀོད་འདུག
* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥ ཚེས་༢༧ ཟླ་གསུམ་པའི་ཚེས་༠༦
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།