རྒྱ་ནག་གི་གསང་ཉུལ་བའི་ཉེས་འཛུཊ་བྱས་ནས་བོད་མི་ཞིག་སུ་ཝེ་ཌན་གྱི་ཁྲིམས་ལ་སྦྱར་འདུག

2018-04-12
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་པེ་ཅིན་གྱི་སུ་ཝེ་ཌན་གཞུང་ཚབ་མདུན་དང་རྒྱ་ནག་གི་ཉེན་རྟོག་པ། ༢༠༡༦།༡།༡༣
རྒྱ་ནག་པེ་ཅིན་གྱི་སུ་ཝེ་ཌན་གཞུང་ཚབ་མདུན་དང་རྒྱ་ནག་གི་ཉེན་རྟོག་པ། ༢༠༡༦།༡།༡༣
AFP

སུ་ཝེ་ཌན་གཞུང་གིས་བོད་མི་ཞིག་གིས་ཡུལ་དེའི་ནང་གི་བོད་མིའི་ཐོག་རྒྱ་ནག་གི་གསང་མྱུལ་བའི་ལས་དོན་སྤེལ་གྱི་ཡོད་པའི་ཉེས་འཛུགས་ཀྱིས་ཁྲིམས་ལ་སྦྱར་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་ཡོངས་ཁྱབ་བྱུང་བཞིན་པ་དང་ལྷག་དོན་སུ་ཝེ་ཌན་གཞུང་གི་ཁྲིམས་རྩོད་པ་བཅས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། རྡོ་རྗེ་རྒྱལ་མཚན་ཞུ་བའི་བོད་མི་ཞིག་གིས་རྒྱ་ནག་གཞུང་གི་གསང་མྱུལ་བའི་ལས་དོན་བྱེད་ཀྱི་ཡོད་པའི་དྭོགས་གཞིའི་འོག་ནས་དོ་དམ་འཛིན་བཟུང་བྱས་ཡོད་པ་ལྟར། རེས་གཟའ་ལྷག་པའི་ཉིན་ཁོང་ཡུལ་དེའི་ཁྲིམས་ལ་སྦྱར་ཡོད་ཀྱང་གྱོད་ཡ་རྩོད་ལེན་པ་རྡོ་རྗེ་རྒྱལ་མཚན་ལགས་ཀྱི་ཁྲིམས་རྩོད་པས་གྱོད་གཞིའི་ནང་དོན་ལ་ངོས་ལེན་གནང་མེད་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་སུ་ཝེ་ཌན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས་སུ་འདྲི་རྩད་བྱས་སྐབས། སྔ་ལོའི་བོད་ཀྱི་ལོ་གསར་སྐབས་སུ་ཁོ་རང་འཛིན་བཟུང་བཀག་ཉར་བྱས་བ་རེད། ཁོང་གིས་ས་གནས་ཀྱི་བོད་མི་སྐྱབས་བཅོལ་བ་ཚོ་གནས་སྡོད་བྱེད་ཡུལ་དང་། ཁོང་ཚོའི་ཕ་མ་སྤུན་མཆེད་བོད་དང་རྒྱ་གར་སོགས་ས་གནས་གང་དུ་ཡོད་མེད་བཅས་ཀྱི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་འདྲ། དེ་ནས་ཟླ་བ་གཅིག་ལ་བཀག་ཉར་གྱིས་གློད་བཀྲོལ་བཏང་རྗེས་ད་བར་དུ་ཞིབ་འཇུག་གིས་ལོ་གཅིག་རིང་ལ་བདེན་དཔང་རག་པ་ལྟར་ཁྲིམས་ཁང་ལ་གཏུག་པ་རེད་ཅེས་དང་། ཡང་ས་གནས་རང་ལ་ཆ་བཞག་ན་བོད་མི་ ༡༣༠ ཙམ་ཡོད་པ་དང་། བོད་མི་ནང་ཁུལ་ནས་སེམས་ཚབས་དང་མཉམ་དུ་བོད་མི་ཁྲིམས་ལ་སྦྱར་བ་ཁོང་ལ་ཁྲིམས་ཁང་ནས་ཁུངས་སྐྱེལ་ར་སྤྲོད་ཀྱི་བདེན་དཔང་བྱེད་ཐུབ་པའི་ཐག་གཅོད་ཀྱི་བཅད་ཁྲ་ཞིག་མ་བཏང་གི་བར་དུ་བོད་མི་དེ་ནག་པོ་ཞིག་ལ་བལྟས་ནས་སེམས་ནང་དུ་འཁོན་འཛིང་བྱ་རྒྱུ་མེད་པ་འགྲེལ་བརྗོད་གནང་བྱུང་།
སུ་ཝེ་ཌན་གཞུང་གི་གསང་དོན་འགོག་སྲུང་ཚན་པའི་འགོ་པ་(DANIEL STENLING)ལགས་ཀྱིས་གསུངས་དོན་བྱས་ན། ཁྲིམས་འགལ་ཐོག་ནས་སྐྱབས་བཅོལ་བའི་ཐོག་ལ་གསང་བའི་ལྟ་ཞིབ་བྱ་རྒྱུ་དེ་ནི་ཉེས་དོན་ཚབས་ཆེན་ཡིན་པ་དང། འདི་ནི་དམངས་གཙོའི་འགྲོ་ལུགས་ལ་ཚོད་འཛིན་བྱས་པ་ཞིག་དང། རང་ཡུལ་ནས་རང་དབང་དང་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུར་དཀའ་ངལ་འཕྲད་ནས་འབྱོར་བ་རྣམས་ལ་སུ་ཝེ་ཌན་གྱི་རྩ་ཁྲིམས་ནང་དུ་རང་དབང་སྲུང་སྐྱོབ་ཀྱི་ངོས་བཞེས་ཡོད་པ་དེ་དག་ལ་འགོག་རྐྱེན་བཟོས་བ་རེད་ཅེས་བརྗོད་འདུག
གནས་ཚུལ་འདིའི་ཐད་འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཀའ་དྲི་ཞུས་སྐབས་ཁོང་གིས། བོད་མིའི་སྒྲིག་འཛུགས་ངོས་ནས་ཐུགས་ཚབས། དོ་སྣང་གིས་འབྲེལ་ཡོད་ལས་ཁུངས་ཁག་ལ་འབྲེལ་བ་གནང་མུས་ཡིན། དེའི་ཐད་ཁུངས་སྐྱེལ་ར་སྤྲོད་ཞེ་དྲག་ཡོད་ན་མ་གཏོགས་སུ་ཝེ་ཌན་གཞུང་གིས་ཁ་མཆུ་རྒྱབ་ཀྱི་མ་རེད་བསམ། སུ་ཝེ་ཌན་ལྟ་བུའི་བོད་མི་ཉུང་ཤས་ཡོད་སར་རྒྱ་ནག་གཞུང་གིས་འགྲོ་སོང་བཏང་ནས་ཐབས་ཤེས་བྱས་ཡོང་དུས། ངས་འདིར་ཞུས་ནའང་འགྲིག་ས་རེད། ང་སྦེལ་ཇེམ་དང་སུད་སི།  ཨོ་སུ་ཁྲི་ལེ་ཡ་བཅས་སུ་འགྲོ་དུས་གཞུང་གི་མི་སྣ་མང་པོར་ཐུག་སྐབས་ཁོང་ཚོས་ཀྱང་དེའི་རིགས་ཡོང་གི་ཡོད་པའི་དྭོགས་པ་ཆེན་པོ་བྱེད་ཀྱི་འདུག་ཅེས་དང་། དཔེར་ན། རྒྱ་མིའི་ལོ་གསར་སྐབས་སུ་རྒྱ་ནག་གཞུང་ཚབ་ལ་བོད་མི་འགྲོ་མཁན་སུ་སུ་ཡིན་མིན་དང་། རྒྱ་ནག་གི་ཐོངས་མཆན་རག་མཁན་སུ་ཡིན་མིན། སྤྱིར་ཕ་མ་སྤུན་མཆེད་ཐུག་པར་འགྲོ་མཁན་རང་ནི་ཡོད་པ་རེད། དེ་དག་བེད་སྤྱོད་གཏོང་གི་ཡོད་པའི་ཉེན་ཁ་འདུག་ཅེས་རྒྱལ་ཁབ་མང་པོས་བཤད་དུས།  ཏན་ཏན་རང་ང་ཚོའི་སྤྱི་ཚོགས་ནང་དུ་རྒྱ་གཞུང་གིས་ལག་པ་འཆང་བྱས་སྤྱི་ཚོགས་ནང་མ་སྐྱིད་པ་དང་མི་འཆམ་པ་བཟོ་གི་ཡོད་པ་ཐག་ཆོད་རེད་ཅེས་གསུངས་བྱུང་།
བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་དེ་ཉེ་ལམ་པོ་ལེན་ཊི་ནས་ཕྱིར་ལོག་སྐབས་སུ་ཨ་སྒོར་ ༦༠༠༠ དངུལ་རྐྱང་ཉེན་རྟོག་པའི་ལག་པར་ཐེབས་པ་དང་། དེ་མིན་གྱི་འགྲུལ་བཞུད་དང་ཁ་པར་འབྲེལ་གཏུགས་ཀྱི་ཟིན་ཐོ་ནས་བདེན་དཔང་འགའ་ཐོབ་ཡོད་ཚུལ་སོགས་འཁོད་འདུག

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

མཆན། (0)
Share
དྲ་གནས་ཆ་ཚང༌།