རྨ་སྟོད་ས་ཡོམ་གྱི་གནོད་ཐེབས་ཡུལ་མི་ཚོ་ད་དུང་ཡང་སྦྲ་གུར་ནང་བསྡད་ཡོད་འདུག

2021-06-16
Share
རྨ་སྟོད་ས་ཡོམ་གྱི་གནོད་ཐེབས་ཡུལ་མི་ཚོ་ད་དུང་ཡང་སྦྲ་གུར་ནང་བསྡད་ཡོད་འདུག རྨ་སྟོད་ཕྱོགས་ཀྱི་ས་ཁྲ།
RFA

རྨ་སྟོད་རྫོང་ཕྱོགས་ཀྱི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་གྱི་ཡུལ་མི་ཚོར་རྒྱ་ནག་གཞུང་ཕྱོགས་ནས་གནས་སྐབས་རོགས་དངུལ་ཙམ་ལས་གཞན་རོགས་སྐྱོར་སྤྲད་མེད་པ་དང་གནོད་ཐེབས་ཡུལ་མི་ཚོ་ད་དུང་ཡང་སྦྲ་གུར་ནང་བསྡད་ཡོད་འདུག
ཉེ་སྔོན་ཕྱི་ཟླ་༥་ཚེས་༢༢་ཉིན་རྒྱ་ནག་གིས་ཆ་བགོས་བྱས་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ། ས་ཡོམ་འགུལ་ཚད་༧.༤་བརྒྱབ་པའི་རྗེས་མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་པ་ལྟར། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་གྱི་བོད་མི་ཚོར་རྒྱ་སྒོར་ཁྲི་༡༠༠་རོགས་སྐྱོར་སྤྲད་སྐོར་དང་། མི་རྒྱུ་གཉིས་ཀྱི་གོད་ཆགས་ལ་གུན་གསབ་སྤྲོད་བཞིན་ཡོད་སྐོར་ཤུགས་ཆེར་བསྒྲགས་ཡོད་ན་ཡང་། རྨ་སྟོད་རྫོང་ནས་ཡིན་པའི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ན། ད་ལྟའི་ཆར་མི་རྒྱུ་གཉིས་ལ་གོད་ཆགས་ཆེན་པོ་བྱུང་ཡོད་ན་ཡང་གཞུང་ངོས་ནས་གནས་སྐབས་ཟ་རིན་ཆེད་མི་རེར་རྒྱ་སྒོར་༧༠༠་རེ་སྤྲད་ཡོད་པ་ལས། གཞན་ཁང་པ་དང་ཁྱིམ་ཆས་སོགས་གཏོར་བཤིག་ཐེབས་པ་ཁག་གཞུང་ལ་ཡར་ཞུ་དང་ཐོ་འགོད་བྱེད་དགོས་སྐོར་བརྗོད་པ་ཙམ་ལས། མི་རྒྱུ་གཉིས་ཀྱི་གྱོང་གུད་ཐད་རོགས་རམ་གུན་གསབ་སོགས་ད་དུང་གང་ཡང་སྤྲད་མེད་སྐོར་འགྲེལ་བརྗོད་གནང་སོང་།

matoe-golok.jpg
རྨ་སྟོད་ཉེན་རྟོག་པ།


ཁོང་གིས་མུ་མཐུད་དུ་འགྲེལ་བརྗོད་གནང་དོན་ལྟར་ན། ད་ལྟའི་ཆར་རྨ་སྟོད་རྫོང་དུ་ས་ཡོམ་བྱུང་ནས་ཟླ་གཅིག་ཙམ་འགྲོ་གྲབས་ཡོད་ན་ཡང་། ས་གནས་ཡུལ་མི་ཚོ་ད་དུང་ཡང་སྦྲ་གུར་ཕུབས་ནས་བསྡད་ཡོད་པ་དང་། སྲིད་གཞུང་གིས་མུ་མཐུད་སྦྲ་གུར་ནང་དུ་སྡོད་དགོས་པའི་བཀོད་ཁྱབ་གཏོང་བཞིན་ཡོད་པ་མ་ཟད། ཁང་པ་དང་ར་བ་སོགས་གཏོར་བཤིག་ཐེབས་པ་ཁག་བཤིག་གསོ་མ་བྱས་བར་ཟླ་དྲུག་རིང་སྦྲ་གུར་ནང་འདུག་དགོས་སྐོར་བརྗོད་ཡོད་པ་རེད་ལ། ད་ལྟའི་ཆར་ནམ་དུས་དཔྱིད་ཀ་ཚེས་ཀྱི་ཡོད་སྟབས་གནམ་གཤིས་སོགས་སྐྱིད་པོ་ཡོད་ན་ཡང་། ཡུལ་མི་ཚོ་ཡར་མར་ཚོང་རྒྱག་རྒྱུ་དང་དབྱར་རྩ་དགུན་འབུ་བརྐོ་བར་འགྲོ་རྒྱུའི་མཚོན། ལས་དོན་མང་པོ་ཞིག་གི་ཐད་སྲིད་གཞུང་ལ་ཆོག་མཆན་མང་པོ་ཞིག་ཞུ་དགོས་སྟབས་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་སྐོར་བརྗོད་བྱུང་། རྒྱ་ནག་གཞུང་ཕྱོགས་ནས་ས་ཡོམ་བྱུང་བ་དང་ས་གནས་ཡུལ་མི་ཚོར་སྤྱི་ཚོགས་དྲ་ལམ་དང་སྐད་འཕྲིན་ཚོགས་པ་སོགས་ཀྱི་ནང་། ས་ཡོམ་སྐོར་གྱི་གནས་ཚུལ་ཕྱི་བསྒྲགས་བྱས་མི་ཆོག་སྐོར་བརྗོད་ནས་དམ་དྲག་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་རྨ་སྟོད་རྫོང་གི་ས་ཡོམ་གནས་ཚུལ་དང་མི་མང་གི་དཀའ་ངལ་སོགས་རྒྱ་ཁྱབ་ངང་ཤེས་རྟོག་ཡོང་རྒྱུ་ཧ་ཅང་དཀའ་བའི་གནས་སུ་གྱུར་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ཕྱུགས་རིགས་དང་ར་བ་སོགས་ལ་གཏོར་བཤིག་བཏང་ཡོད་པའི་སྐོར་དང་། མི་གྲངས་༡༩་ཙམ་ལ་རྨས་སྐྱོན་བྱུང་བ་ལས། དེ་མིན་རྐྱེན་འདས་སུ་སོང་བ་གཅིག་ཀྱང་བཤད་མེད་སྐོར་བརྗོད་ཡོད་ན་ཡང་། སྤྱི་ཟླ་༦་པའི་ཚེས་༡་ཉིན་རྨ་སྟོད་རྫོང་གི་ཡུལ་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། རྨ་སྟོད་རྫོང་ཁོངས་ནས་ས་གནས་བོད་མི་༢༠་ལྷག་འདས་གྲོངས་སུ་ཕྱིན་པ་དང་༣༠༠་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་གྲངས་༡༣་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ས་ཡོམ་ཁྲོད་རྐྱེན་འདས་སུ་སོང་བའི་ནང་མིར་རྒྱ་སྒོར་ཁྲི་ལྔ་རེའི་གུན་གསབ་སྤྲོད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།