བོད་ནང་གི་མཚོ་སྔོན་ཕྱོགས་སུ་དྲག་ཆར་རྐྱེན་གྱིས་ཆུ་ལོག་རྒྱུག་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག

2024.09.05
བོད་ནང་གི་མཚོ་སྔོན་ཕྱོགས་སུ་དྲག་ཆར་རྐྱེན་གྱིས་ཆུ་ལོག་རྒྱུག་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག མཚོ་སྔོན་ཁུལ་དུ་ཆུ་ལོག་བྱུང་རྗེས། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

ཕྱི་ཟླ་ ༩ ཚེས་ ༢ ནས་བཟུང་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པ་མཚོ་སྔོན་ཞིང་ཆེན་མངའ་ཁུལ་དུ་དྲག་ཆར་རྐྱེན་གྱིས། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེལ་ནག་གྲོང་བརྡལ་དུ་བོད་མི་དྲུག་རྐྱེན་འདས་དང་། མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ཧོ་ན་གུག་སྡེ་བའི་ནང་རི་ཉིལ་ནས་མི་ ༣ རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཟད། གཞན་ཡང་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ནས་ནོར་ལུག་ ༤༠༠ ཉེ་བར་ཤི་སྐྱོན་བྱུང་ཡོད་པ་དང་། གསེར་ཆེན་རྫོང་དང་རྩེ་ཁོག་རྫོང་སོགས་ནས་ལམ་དང་ཟམ་པ་ཆད་པ་དང་། མིན་ཧོ་རྫོང་དུ་སྡོད་ཁང་ལ་གཏོར་སྐྱོན་དང་། གཞུང་ལམ་དང་ཟམ་པ་སོགས་ཆུས་འཁྱེར་བ་དང་། ཆུ་ལོག་རྐྱེན་གྱིས་ས་ངོས་ཀྱི་རྩ་ཐང་ས་འདམ་གྱིས་མནན་ཏེ་རྩ་མེད་བཟོས་པ་སོགས། ས་གནས་མང་དག་ཅིག་ཏུ་མི་རྒྱུ་གཉིས་ལ་གནོན་སྐྱོན་ཆེན་པོ་ཐེབས་ཡོད་པ། བོད་ནང་གི་རེབ་གོང་དང་གསེར་ཆེན་རྫོང་གི་འབྲེལ་ཡོད་ས་གནས་བོད་མི་གསུམ་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ད་ལྟའི་ཆར་ས་གནས་གཞན་དུ་རྒྱ་ནག་གཞུང་འབྲེལ་གྱི་རོགས་སྐྱོར་མི་སྣ་སོགས་ཡོང་ཡོད་མིན་ཤེས་རྟོགས་མ་བྱུང་ན་ཡང་། རྩེ་ཁོག་རྫོང་དུ་ནོར་ཡུག་ལ་ཤི་སྐྱོན་བྱུང་བ་དེ་དག་ས་གནས་ཡུལ་མི་ཚོས་རོགས་སྐྱོར་འོག་ཆུ་འདམ་ནས་ལེན་ཐུབ་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། ཡང་འབྲེལ་ཡོད་བོད་མི་གཞན་དེས་གསེར་ཆེན་རྫོང་ནས་རྐྱེན་འདས་ཕྱིན་པའི་བོད་མི་དེ་དག་ལས་མི་ ༥ རླངས་འཁོར་ནང་འགྲུལ་སྐྱོད་བྱེད་བཞིན་པའི་སྐབས་ཟམ་པ་ཆད་ནས་རྐྱེན་འདས་ཕྱིན་ཡོད་པ་དང་། མིན་ཧོ་རྫོང་དུ་རྐྱེན་འདས་ཕྱིན་པ་ཚོ་བོད་པ་ཡིན་མིན་ད་ཆ་ཐག་གཅོད་ཐུབ་ཀྱི་མེད་ན་ཡང་། སྤྱིར་ས་གནས་དེ་ཧེ་རིགས་རང་སྐྱོང་གི་འོག་ཡིན་ཡང་བོད་མི་འཚོ་སྡོད་བྱེད་མཁན་མང་པོ་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གསེར་ཆེན་རྫོང་སྤྲེལ་ནག་གྲོང་བརྡལ་དུ་དྲག་ཆར་ཆེན་པོ་བབས་ནས་སྤྲེལ་ནག་གྲོང་བརྡལ་གྱི་གཞུང་ལམ་གྱི་ལམ་འོག་གི་ཆུ་བཞུར་སའི་ཁུང་བུ་ཆུས་གཏོར་ནས་། ས་གནས་མང་ཚོགས་ཀྱི་ཁང་པ་ཆུས་བསྣུབས་པ་དང་རླངས་འཁོར་ཆུས་ཁུར་བ་སོགས་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པས། ཟླ་བ་འདིའི་ཚེས་ ༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ ནས་ཕྱི་ཚེས་ ༤ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ པ་བར་ཟི་ལིང་དང་།  མཚོ་ཤར་དང་མཚོ་ནུབ་ཤར་ཕྱོགས།  མཚོ་ལྷོ།  མཚོ་བྱང་།  རྨ་ལྷོ་བྱང་རྒྱུད། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་དབུས་བྱང་རྒྱུད་བཅས་སུ་དྲག་ཆར་ཆེན་པོ་འབབ་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཚེས་ ༢ ཉིན་གྱི་ཆར་ཞོད་གནོད་སྐྱོན་ཁྲོད་རྐང་ཚ་རྫོང་གི་ས་ཆ་ཁ་ཤས་ནས་འབྲོག་སའི་ལྕགས་ར་ཆུས་ཁུར་བ་དང་ས་ཆ་ཁ་ཤས་ནས་སེར་བ་ཆེན་པོ་བབས་ནས། འབྲོག་པའི་ཁང་ཁྱིམ་གྱི་སྒེའུ་ཁུང་དང་ཤེལ་སྒོ་བཅག་པ་སོགས་འབྲོག་པ་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་ཐེབས་ཡོད་པའི་གནས་ཚུལ་བྱུང་འདུག

འདས་པའི་ཉིན་ཤས་ནས་བཟུང་མཚོ་སྔོན་ཕྱོགས་སུ་ཆར་ཞོད་ཤུགས་ཆེར་འབབ་བཞིན་པའི་རྐྱེན་གྱིས། གཞུང་ལམ་དང་ཟམ་པ་སོགས་ལ་གཏོར་སྐྱོན་ཤུགས་ཆེར་ཐེབས་རྐྱེན། རྒྱ་ནག་གཞུང་འབྲེལ་ངོས་ནས་ཕྱི་ཟླ་ ༩ ཚེས་ ༤ ཉིན་ནས་བཟུང་། རྒྱ་ནག་གཞུང་འབྲེལ་ངོས་ནས་མཚོ་སྔོན་ཞིང་ཆེན་ནང་གནམ་གཤིས་གནོད་འཚེའི་རིམ་པ་དེ་ ༤ པ་ནས་ཉེན་ཁ་ཆེ་བའི་གནས་རིམ་ ༣ བར་སྤར་ཡོད་འདུག་ལ། དེ་མིན་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཟི་ལིང་གྲོང་ཁྱེར་གྱིས་ཟི་ལིང་གི་མཁར་བྱང་དང་། མཁར་ནུབ། མཁར་ཤར། མཁར་དཀྱིལ། རྟ་ཐང་རྫོང་། སྐུ་འབུམ་རྫོང་། སྟོང་སྐོར་རྫོང་བཅས་སུ་ཆུ་ལོག་འབྱུང་རྒྱུའི་ཉེན་བརྡ་རིམ་པ་དང་པོ་བརྒྱབ་ཡོད་པ་མ་ཟད། ཟི་ལིང་རླངས་འཁོར་ས་ཚིགས་ནས་ཉེན་ཁ་ཆེ་བའི་ས་གནས་ཁག་ཏུ་རླངས་འཁོར་སྐྱེལ་འདྲེན་གཏོང་མཚམས་བཞག་ཡོད་སྐོར་བཀོད་འདུག་ལ། ཡང་འབྲེལ་ཡོད་ནས་སྟོང་སྐོར་ནས་ཟི་ལིང་ལ་འགྲོ་སའི་གཞུང་ལམ་དང་ཟམ་པ་ཆུ་ལོག་རྐྱེན་གྱིས་གཏོར་བཤིག་ཐེབས་ཏེ། མདའ་བཞི་རྫོང་དང་རྐང་ཚ་རྫོང་། ཐེམ་ཆེན་རྫོང་བཅས་ནས་ཟི་ལིང་ལ་བསྐྱོད་སའི་ལམ་ཁ་ཆད་ནས་ཡར་མར་འགྲུལ་བཞུད་བྱེད་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

དེང་སྐབས་བོད་ནང་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་ལོ་ལྟར་ཆུ་ལོག་དང་ཆར་ཞོད་སོགས་ཀྱི་གནོད་སྐྱོན་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ལོར་མཚོ་སྔོན་ཕྱོགས་ནས་མང་ར་རྫོང་དང་གསེར་ཁོག་རྫོང་། རེབ་གོང་། དེ་བཞིན་ཀན་སུའུ་ཞིང་ཆེན་འོག་ཏུ་ཡོད་པ་བླ་བསང་ཆུ་རྫོང་སོགས་སུ་ཆུ་ལོག་གིས་མི་རྒྱ་གཉབྷིས་ལ་གནོད་སྐྱོན་དང་། མང་རྫོང་གོང་བ་སྡེ་བ་རུ་མི་གྲངས་༥་དང་ཕྱུགས་ཟོག་སེམས་ཅན་གྲངས་ ༢༠༠༠ ལྷག་ལ་ཤི་སྐྱོན་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། ལྕགས་མོ་འཚོ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་ནང་བོད་པའི་གྲོང་ཚོ་གསར་རྒྱག་གི་ལས་འཆར་དངོས་སུ་འགོ་བཙུགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་ནང་བསྟན་རྒྱ་སྒྱུར་གཞི་རྩར་བཟུང་ནས་རྒྱ་ནག་གི་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་འདུ་ཟེར་བ་ཞིག་འཚོག་འཆར་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎