དགེ་འདུན་ལྷུན་གྲུབ་འཛིན་བཟུང་བཙན་ཁྲིད་ཀྱིས་ལོ་གཅིག་མ་ཟིན་འགྲོ་བཞིན་ཡོད་ཀྱང་ད་དུང་ཁོང་ལ་ཐག་གཅོད་སོགས་བྱས་ཡོད་མེད་གསལ་ཁ་གང་ཡང་མེད་འདུག
སྔར་ལོའི་ཕྱི་ཟླ་༡༢ཚེས་༢ཉིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་རེབ་གོང་ནས་ཡིན་པའི་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་བམ་སྨྱུག་མིང་ལ་ལྷམ་ཀོག་ལགས། རྒྱུ་མཚན་སོགས་གསལ་ཁ་གང་ཡང་མེད་པར་གློ་བུར་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་གཅིག་མ་ཟིན་ཙམ་འགྲོ་ཡི་ཡོད་པ་བཞིན། ད་ལྟའི་ཆར་ཁོང་གང་དུ་ཡོད་སོགས་ཀྱི་གནས་ཚུལ་གསལ་ཁ་མེད་ན་ཡང་། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་ཁོང་རྒྱ་ནག་གཞུང་གིས་ནང་བསྟན་རྒྱ་སྒྱུར་གྱི་ལས་གཞི་ཟེར་བ་དེའི་ཆེད་དུ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ནང་རིག་བསླབ་གཞི་སྒྲིག་འཛུགས་ཞེས་པའི་ཡིག་སྒྱུར་གྱི་ལས་གཞི་ཞིག་གི་འོག་ཏུ་རྒྱ་ཡིག་རྒྱ་སྐད་ཆེད་སྦྱོང་སློབ་གསོ་སྤྲོད་བཞིན་ཡོད་སྐོར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། ཟླ་༩ཚེས་༢༧ཉིན་རེབ་གོང་རྫོང་འབྲེལ་ཡོད་ཚན་པས་རྩོམ་པ་པོ་ཁོང་གི་ནང་མིར་ཁ་པར་འབྱོར་ཏེ། མི་འགྱང་བར་ཁོང་གི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་བཤད་ཡོད་ན་ཡང་། རྗེས་སུ་ཁོང་ལ་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་མེད་སོགས་ལ་གསལ་ཁ་གང་ཡང་མེད་པ་ཆགས་ཡོད་པ་དང་། སྤྱིར་ད་ལྟའི་ཆར་ནང་བསྟན་རྒྱ་སྒྱུར་ལས་གཞིའི་ནང་སྙན་ངག་པ་རོང་བོ་དགེ་འདུན་ལྷུན་གྲུབ་ཙམ་མིན་པར། བཙོན་འོག་ཏུ་ཡོད་པའི་བོད་མི་ཤེས་ཅན་མང་པོ་ཞིག་ཡོད་པ་དང་། ལས་གཞི་དེ་བཙོན་འོག་གི་བོད་མི་ཚོར་ཆབ་སྲིད་སློབ་གསོའི་རྣམ་པ་ལྟ་བུ་མ་ཡིན་པར། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཆེད་སྦྱོང་སློབ་གསོའི་རྣམ་པ་བཟོས་ཏེ་རིག་གནས་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་མིང་འབོད་བྱེད་འདོད་མེད་མཁན་ཞིག་ནས། ད་ལྟའི་ཆར་ནང་བསྟན་ཤེས་ཡོན་ཡག་པོ་ཡོད་མཁན་རོང་བོ་དགེ་འདུན་ལྷུན་གྲུབ་ལྟ་བུ་ཤེས་ཡོན་ཅན་ཁག་ཅིག་ལ་ནང་བསྟན་རྒྱ་སྒྱུར་ལས་གཞི་ཟེར་བའི་འོག་ནས། དེ་འབྲེལ་གྱི་སློབ་གསོ་ཞིག་སྤྲོད་བཞིན་པ་དངོས་ཡོད་ཡིན་ན་ཡང་། རོང་བོ་དགེ་འདུན་ལྷུན་གྲུབ་ཁོ་རང་ངོས་ནས་ལས་གཞི་དེར་ངོས་ལེན་ག་འདྲ་བྱེད་བཞིན་ཡོད་མེད་ཐད་བཤད་ཚོད་མི་ཐུབ་པ་ཞིག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
འདི་ལོར་རྒྱ་ནག་གཞུང་གིས་ནང་བསྟན་རྒྱ་སྒྱུར་གྱི་ལས་གཞི་ཞེས་པ་དེ་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་ཀྱི་ས་ཁུལ་ཚང་མའི་ནང་སྤེལ་བཞིན་པ་མ་ཟད། ལས་གཞི་དེའི་ནང་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ་སོགས། རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པ་མང་པོ་བཙན་འདེད་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་པ་བཞིན། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། ཐེངས་འདིར་རྒྱ་ནག་གཞུང་གིས་ནང་བསྟན་རྒྱ་སྒྱུར་གྱི་ལས་གཞི་ཟེར་བ་དེ་ཕྱི་ཚུལ་ནས་བལྟས་ན་ཟབ་སྦྱོང་ལྟ་བུ་ཡོད་ན་ཡང་། དེའི་ཁྲོད་མཇུག་བཞིན་པའི་མི་སྣ་དེ་དག་ལ་དོན་དངོས་སུ་འགྲོ་འདུག་རང་དབང་དང་སྨྲ་བརྗོད་རང་དབང་གང་ཡང་མེད་པ་ཞིག་ཆགས་ཡོད་སྐོར་བརྗོད་བྱུང་།
རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ནི་ཕྱི་ལོ་༡༩༧༤ལོར་རེབ་གོང་མདོ་བ་ཁྱི་རྔ་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་ནས་གྲྭ་པ་བྱས་ཏེརེབ་གོང་དར་ཞིང་དགོན་དུ་ཞུགས་ཤིང་། རིམ་གྱིས་རེབ་གོང་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། གསེར་རྟ་བླ་རུང་བཅས་སུ་ཚོགས་ཞུགས་དང་ཟུར་ཞུགས་ཀྱིས་སློབ་གཉེར་བྱས་མྱོང་ཡོད་པ་དང་། ཕྱི་ལོ་༡༩༩༤ལོ་ནས་སྙན་ངག་གསར་རྩོམ་ལ་ཞུགས་ཏེ་རྐང་གླིང་སྐྱ་བོ་དང་ལྷ་ཆེན་པོའི་སྙན་ངག། ཕྲེང་བ་ནག་པོ། མི་ཚེའི་དབྱངས་རྟ། གླེགས་བམ་དཀར་བོ་སོགས་བརྩམས་ཆོས་དེབ་ཁག་ཅིག་སྤྱི་ཚོགས་ཁྲོད་དཔར་སྐྲུན་འགྲེམས་སྤེལ་བྱས་ཏེ། བོད་ཀྱི་ཤེས་ཡོན་པའི་སྡེ་ནས་ཁོང་གི་སྙན་ངག་དང་རྩོམ་རྩལ་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་འདུག
ཕྱི་ལོ་༢༠༠༩ལོར་ཁོང་ལ་རྒྱ་ནག་རྒྱལ་ཡོངས་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་ཡོད་པ་དང་། ཕྱི་ལོ་༢༠༡༨ལོར་ཁོང་གིས་ང་ཡི་ཕག་ལོ་བ་ཞེས་པའི་སྙན་ངག་དེ་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ནང་བརྒྱུད་སྤེལ་ཤུགས་ཆེར་བྱུང་ཡོད་པ་དང། ཁོང་ལ་རྒྱ་ནག་གཞུང་གིས་དེ་སྔ་ནས་ཐེངས་མང་འདྲི་རྩད་དང་བཀག་ཉར་སོགས་བྱས་ཡོད་པ་དང་། ཕྱི་ལོ་༢༠༢༠ཟླ་༡༠པའི་ནང་ཁོང་གི་སྙན་ངག་སྒེར་དེབ་འཁོར་བ་བཏོན་རྗེས་དུས་ཡུན་རིང་བོ་མ་སོང་བར་འཛིན་བཟུང་བྱས་ཡོད་པ་རེད་ལ། ཁོང་ནི་ནམ་རྒྱུན་རོང་བོ་དགོན་ཆེན་གཙོའི་བོད་ཁུལ་གྱི་ས་གནས་ཁག་ཏུ་བོད་ཀྱི་ཐུན་མོང་རིག་གནས་ཀྱི་སྐོར་དཔེ་ཁྲིད་སོགས་གནང་མཁན་ཞིག་ཆགས་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།