རྒྱ་ནག་གཞུང་གིས་གུང་ཐང་རིན་པོ་ཆེའི་དུས་འཁོར་དབང་ཆེན་གནང་རྒྱུ་ཕྱིར་འཐེན་དགོས་སྐོར་བརྗོད་ནས་བཀག་འགོག་བྱས་ཡོད་འདུག
ཕྱི་ཟླ་༧ནང་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་མ་གུང་ཐང་སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་གིས། ཁོང་གི་འཁྲུངས་གཞིས་མཛོད་དགེ་ས་ཆ་རུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་གནང་རྒྱུའི་ཆོག་མཆན་ཐོབ་སྟེ་སྟ་གོན་དང་དབང་མགོ་ཚུགས་ལ་ཉེ་སྐབས། རྒྱ་ནག་གཞུང་ནས་འདི་ལོ་ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར་བདུན་བཅུ་འཁོར་བའི་ཁུལ་སྟོན་དང་། གཞུང་འབྲེལ་ཚོགས་འདུ་སོགས་དང་འཁེལ་ཡོད་སྐོར་བརྗོད་ནས། དུས་འཁོར་དབང་ཆེན་དེ་བཀག་འགོག་བྱས་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་ནས་མུ་མཐུད་བརྗོད་དོན་ལ། ཕྱི་ཟླ་༦པའི་ཟླ་མཇུག་ཙམ་ནས་བཟུང་དུས་འཁོར་དབང་ཆེན་གནང་སའི་ས་ཆ་གཏན་འཁེལ་དང་། སྒར་བཏབ་ནས་གྲ་སྒྲིག་ཡོངས་སུ་བྱས་ཟིན་པ་མ་ཟད། སློབ་མ་རྗེས་འཛིན་གྱི་དབང་ཕྱི་ཟླ་༧ཚེས་༦་དང་། ཕྱི་ཟླ་༧ཚེས་༡༨ཉིན་ནས་བཟུང་དུས་འཁོར་དབང་ཆེན་གྱི་ལྟ་གོན་དང་ཉིན་གྲངས་གསུམ་ལྷག་རིང་དུས་འཁོར་ཆེན་སྐུར་རྒྱུ་གཏན་འཁེལ་ཡོད་ན་ཡང་། གློ་བུར་རྒྱ་ནག་གཞུང་གིས་ཀན་ལྷོ་ཁུལ་གྱི་དུས་སྟོན་སོགས་ལ་ཁ་གཡར་ནས་བཀག་འགོག་བྱས་ཡོད་པ་དང་། ད་ལྟའི་ཆར་མི་མང་ཁྲོད་ཕྱི་ཟླ་༨པའི་ནང་དབང་གནང་བཅུག་རྒྱུའི་རེ་བ་བྱེད་བཞིན་ཡོད་ཀྱང་། སྐབས་དེར་བོད་ནང་གི་གནམ་གཤིས་དང་རོང་འབྲོང་མང་ཚོགས་ཀྱི་ལས་བྲེལ་སོགས་ཀྱིས་དཀའ་ལས་ཁག་པོ་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༤ནང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་བྱེད་པའི་སྲོལ་ཡིག་ཟེར་བར་བསྐྱར་ཞིབ་དང་འབྲེལ། ཆོས་ལུགས་བྱེད་སྒོ་ཁག་གི་དུས་ཡུན་གང་ཐུབ་ཀྱིས་ཉུང་དུ་གཏོང་བ་དང་མི་གྲངས་ལ་ཚོད་འཛིན་དགོས་པ། ཆོས་ལུགས་བྱེད་སྒོ་སྤེལ་བར་ས་གནས་རྫོང་རིམ་པའི་ཆོས་ལུགས་ལས་དོན་ཚན་པ་ནས་ཆོག་མཆན་ཞུ་དགོས་པ་མ་ཟད། རྒྱལ་ཡོངས་ཆོས་ལུགས་ཚོགས་པའི་སྒྲིག་གཞི་དང་མཐུན་དགོས་པ་སོགས་ཀྱི་སྒྲིག་ཁྲིམས་མང་དག་ཅིག་བཟོས་ཡོད་པ་རེད་ལ། ཡང་འབྲེལ་ཡོད་བོད་མི་གཞན་དེས་ཐེངས་འདིར་དུས་འཁོར་དབང་གནང་མི་བཅུག་དོན་ཕྱོགས་གཅིག་ནས། གུང་ཐང་རིན་པོ་ཆེས་དབང་བསྐུར་བ་ཡིན་ན་མདོ་སྨད་ཕྱོགས་ཀྱི་རྨ་ཆུ་དང་ཀླུ་ཆུ། ཐེ་བོ། མཛོད་དགེ་གླིང་བ་དང་བཞག་ལྡོམ། བྱམས་མེ།ཐང་སྐོར། དེ་བཞིན་གཙོས་མཛོད་དགེ་སྟོད་སྨད་གཉིས་དང་། བསང་ཁོག་དང་ཁོ་ཚེ་སོགས་ནས་མི་ཚོགས་ཧ་ཅང་མང་པོ་འཛོམས་རྒྱུ་ཡིན་སྟབས། དེ་ལ་ཚོད་འཛིན་ཆེད་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་ཀན་ལྷོ་ཁུལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༧ནང་ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར་བདུན་བཅུ་ལོན་པར་དགའ་སྟོན་དུས་དྲན་ཚོགས་རྒྱུ་དང་། ཟླ་བ་དེའི་ནང་རྒྱ་སྒོར་ཐེར་འབུམ་༩༦ལྷག་བཏང་སྟེ་ལས་གཞི་གྲངས་༡༨ཙམ་མགོ་འཛུགས་དགོས་སྐོར་སོགས་བརྗོད་ཡོད་པ་མ་ཟད། ལོ་འདིར་ཁྱོན་ཡོངས་ནས་མི་མང་ཁྲོད་ལོ་འཁོར་བདུན་བཅུ་ལོན་པར་དུས་དྲན་མཛད་སྒོ་དང་། ཀན་ལྷོ་ཁུལ་གྱི་ལོ་ངོ་བདུན་བཅུའི་གྲུབ་འབྲས་དང་གཞུང་འབྲེལ་སྲིད་ཇུས་ཁྱབ་བསྒྲགས་དགོས་པ་སོགས་བསྒྲགས་འདུག གུང་ཐང་སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ནས་གུང་ཐང་སྐུ་ཕྲེང་དྲུག་པའི་སྤྲུལ་སྐུ་རུ་ངོས་འཛིན་གནང་ཡོད་པ་དང་། བླ་བྲང་དགོན་པའི་དགེ་བའི་བཤེས་གཉེན་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་ཡོངས་འཛིན་དུ་བརྟེན་ནས་གཞུང་ཆེན་ཁག་ལ་སློབ་གཉེར་དང་། ད་ལྟའི་ཆར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ཚོགས་ཆེན་ཁྲི་བར་བཞེངས་གནང་བ་སོགས་མཛད་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།